中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།།རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་ལོ་རྒྱུས་རགས་ཙམ་བཤད་པ།
དུས་ཚོད།2015-12-01 10:10:15     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་པོ་དྲ་བ།    ཆུང་། | འབྲིང་། | ཆེ།
  རྩོམ་པ་པོ་སངས་རྒྱས་རིན་ཆེན།   རྩོམ་སྒྲིག་པ་དངོས་སྦྱོང་སློབ་མ་ལྷ་མོ་སྒྦོན།         རྒྱ་བཟའ་ཀོང་ཇོ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཡོད་པ་དང་།  ཆེས་ཕུལ་བྱུང་གི་ལོ་རྒྱུས་མི་སྣ་ཞིག་ཡིན་ཏེ།  བོད་ཀྱི་ཆོས་འབྱུང་སྨྲ་བ་རྣམས་ཀྱིས་སྒྲོལ་མའི་རྣམ་སྤྲུལ་དུ་རྩིས་པ་དང་།  རྒྱལ་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་རྒྱ་བོད་བར་མཛའ་མཐུན་གྱི་སྒོ་མོ་འབྱེད་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཏུ་རྩིས་བཞིན་འདུག  གང་ལྟར་ཡང་ཕྱི་རབས་པས་ཁོ་མོ་ལ་གདེང་འཇོག་གི་གཏམ་དེ་དག་ནི་སྐབས་བབ་ཀྱི་དགོས་མཁོ་ཙམ་དུ་དམིགས་པ་ཡིན་པས་ཆེར་བརྗོད་མི་བྱ་སྟེ།  འདིར་རྒྱ་བཟའ་ཀོང་ཇོ་ཉིད་བོད་ལ་ཕེབས་པའི་ལོ་རྒྱུས་དངོས་ཅི་ཡིན་གྱི་ཆ་ལ་རང་བློས་གང་དཔོག་གིས་དཔྱད་པ་རོབ་ཙམ་གཏོང་བར་བྱའོ།།     དང་པོ།  བོད་མི་རྣམས་ཀྱིས་ཀོང་ཇོ་ལ་བཅངས་པའི་བརྩེ་དུང་།     སྤྱིར་མི་རྣམས་ཀྱི་མཐོང་སྣང་དང་ཀུན་སློང་ལ་མཆོག་དམན་དང་རབ་འབྲིང་ཐ་གསུམ་ཡོད་པའི་དབང་གིས།  གསར་བྱུང་གི་དངོས་པོ་གང་ཞིག་བྱུང་མ་ཐག་དེ་ལ་དགའ་བ་དང་མི་དགའ་བ།   ཡང་དག་པ་དང་ཡང་མི་དག་པའི་ལྟ་ཚུལ་བྱུང་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་པས།  རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པ་དེར་ཡང་ལོ་རྒྱུས་ཐོག་བོད་མིའི་གྲས་སུ་ལྟ་ཚུལ་མི་འདྲ་བ་རིགས་གཉིས་བྱུང་སྟེ།  ཕྱོགས་གཅིག་གིས་རྒྱ་བཟའ་ལ་བསྟོད་པའི་མཆོད་སྤྲིན་རྒྱས་བར་བཤམས་ཡོད་པ་དང་།  ཕྱོགས་གཅིག་གིས་དེ་ལས་ལྡོག་སྟེ་རྒྱ་བཟའ་ལ་སྨད་ཅི་ཐུབ་བྱས་ཡོད་པ་སྟེ།  བསྟོད་པའི་མཆོད་སྤྲིན་བཤམས་མཁན་རྣམས་ཀྱིས་རྒྱ་བཟའ་ཀོང་ཇོ་ནི་རྗེ་མཙུན་སྒྲོལ་མའི་རྣམ་སྤྲུལ་དུ་བསྒྲུབས་ཡོད་པ་དཔེར་ན།  《རྒྱལ་རབས་གསལ་བའི་མེ་ལོང》ལས།  འཕགས་མ་སྤྱན་རས་གཟིགས་ཀྱིས་དེ་ནས་ལྷ་ས་དམར་པོ་རིའི་རྩེ་ལ་བྱོན་ཏེ།  ཡར་ལ་གཟིགས་པས།  འོ་ཐང་གི་མཚོ་འདི་དམྱལ་བ་མནར་མེད་ཀྱི་གནས་སུ་འདུག་ཅིང་།  སེམས་ཅན་ཁྲི་ཕྲག་དུ་མ་བཙོ་སྲེག་དང་།  བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་བརླག་མེད་པར།  ཉམ་ཐག་པའི་སྐད་ངན་སྣ་ཚོགས་འདོན་ཅིང་འདུག་པ་རྣམས་གཟིགས་པས།  སྤྱན་ཆབ་ཤོར་རོ།།  དེ་ཡང་སྤྱན་གཡས་པ་ནས་མཆི་མ་གཅིག་ཐང་ལ་ལྷུང་པས།  ཇོ་མོ་ཁྲོ་གཉེར་ཅན་དུ་གྱུར་ཏེ།  རིགས་ཀྱི་བུ་ཁྱོད་ཁ་བ་ཅན་པའི་སེམས་ ཅན་གྱི་དོན་བྱེད་པ་ལ་སྡུག་བསྔལ་བར་མ་བྱེད་ཅིག་ཁོ་མོས་ཀྱང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད་གསུངས་ཏེ།  སྤྱན་གཡས་པ་ལ་ཐིམ་པར་གྱུར་བ་དེ་ནི་ཕྱི་མའི་དུས་ཀྱི་བལ་བཟའ་ཁྲི་བཙུན་ཡིན་ནོ།།  ཡང་སྤྱན་གཡོན་པ་ནས་མཆི་མ་གཅིག་ཐང་ལ་ལྷུང་བས་ཇོ་མོ་སྒྲོལ་མར་གྱུར།  རིགས་ཀྱི་བུ་ཁྱོད་ཁ་བ་ཅན་བའི་སེམས་ཅན་གྱི་དོན་བྱེད་པ་ལ་སྡུག་བསྔལ་བར་མ་བྱེད་ཅིག   ཁོ་མོས་ཀྱང་ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད་དོ་གསུངས་ཏེ།  སྤྱན་གཡོན་པ་ལ་ཐིམ་པར་གྱུར་ཏོ།།   དེ་ནི་ཕྱི་མའི་དུས་ཀྱི་རྒྱ་མོ་ཀོང་ཇོ་འདི་ཡིན་ནོ།།  ཞེས་བཀོད་ཡོད་པ་དེ་རིགས་ནི་བོད་ཀྱི་ཆོས་འབྱུང་སྨྲ་བ་དག་གིས་ཆོས་ཀྱི་ཕྱོགས་ཞེན་ཡིན་པར་གསལ་ཞིང་།  ཐ་ན་དམངས་ཁྲོད་དུའང་འུད་ཆེ་བའི་བསྟོད་པ་ཆེན་པོ་བྱས་ཡོད་པ་དཔེར་ན།  རྒྱ་ཡི་ཡུལ་ནས་ཕེབས་པའི།།  འབྲུ་རིགས་མི་གཅིག་འབྲུ་སྣ།།  བོད་ལ་འབྲུ་རིགས་གཏེར་ཁའི།།  རྒྱ་ཡི་ཡུལ་ནས་ཕེབས་པའི།།  བཟོ་རིགས་མི་གཅིག་བཟོ་བ།།  བོད་ལ་བཟོ་རིགས་བསྟན་པ།།  རྒྱ་ཡི་ཡུལ་ནས་ཕེབས་པའི།།  ཕྱུགས་རིགས་མི་གཅིག་ཕྱུགས་ཟོག །  ལྷ་གཅིག་ཨ་ལྕེ་རྒྱ་བཟས།།  སུམ་སྟོང་སུམ་བརྒྱ་བསྣམས་ཡོད།།  རྩ་བ་བཙུགས་ལ་གནང་སོང་།།  ལྷ་གཅིག་ཨ་ལྕེ་རྒྱ་བཟས།   ལྔ་སྟོང་ལྔ་བརྒྱ་ཁྲིད་འོང་།  དར་བའི་སྒོ་མོ་ཕྱེ་སོང་།།  ལྷ་གཅིག་ཨ་ལྕེ་རྒྱ་བཟས།།  ལྔ་སྟོང་ལྔ་བརྒྱ་ཁྲིད་ཡོང་།  བོད་ལ་དཀར་ནུ་འོ་མ།།  རྒྱས་པའི་རྩ་བ་བཙུགས་ཡོད།།  ཅེས་པའི་གླུ་གཞས་ཚན་པ་འདིའི་ནང་དུ།   ཀོང་ཇོ་བོད་ལ་མ་ཕེབས་གོང་དུ།  བོད་ལ་འབྲུ་རིགས་དང་བཟོ་རིགས།   ཕྱུགས་རིགས་སོགས་ཅི་ཡང་མེད་པར།  ཡོད་ཚད་ཀོང་ཇོས་བོད་ལ་འཁྱེར་ཡོང་བ་ལྟ་བུ་ཞིག་གི་བསམ་བློ་བསྟན་ཡོད།  དེར་མ་ཟད།  སྲོང་བཙན་ཡབ་ཡུམ་གསུམ་ནི་མཛེས་ཆས་སྣ་ཚོགས་སྤྲོས་པའི་འབག་སྐུ་དང་ལྡེབས་རིས་སུ་བཀོད་ནས།   པོ་ཏ་ལའི་ཕོ་བྲང་གི་རྟེན་གྱི་གཙོ་བོར་བྱས་ཡོད།  འདིའི་ཐོག་ནས།  རྒྱ་བཟའ་ཀོང་ཇོ་ནི་བོད་ལ་བཀའ་དྲིན་ཆེ་ཞིང་བོད་མིས་ཀོང་ཇོ་ལ་བཅངས་པའི་མཛའ་སེམས་དེ་གསལ་བོར་མཚོན་ཐུབ།  ཡིན་ནའང་།  བོད་མིའི་གྲས་སུ་དེ་ལས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་ཡང་ཡོད་དེ།  ཆོས་སྲིད་ཟུང་འབྲེལ་ཞེས་པ་ལས་རྒྱལ་བོ་གླང་དར་མས་སྐབས་དེར་སྤྱི་ཚོགས་ཐོག་གི་མང་ཚོགས་ཁག་ཅིག་གི་བསམ་ཚུལ་དེ་བེད་སྤྱད་ནས་བཀའ་ཕབ་དོན་དུ།  ཀོང་ཇོས་ཁྱེར་ཡོང་རྗེས་བོད་ལ་ཡང་བཀྲ་མི་ཤིས་པ་བྱུང་ཞིང་།   ཀོང་ཇོ་དེ་ནི་འདྲེ་མོ་ཡིན་པས།  བོད་ཀྱི་ས་ཆའི་ས་དབྱིབས་བརྟག་དཔྱད་བྱེད་ཁུལ་བྱས་ནས་བོད་ཀྱི་ས་དབྱིབས་བཟང་བོ་ཡོད་ཚད།  ཚང་མ་ངན་པ་རེད་ཟེར་ནས་མེད་པར་བཟོས་ཏེ།  བོད་ཀྱི་ཆབ་སྲིད་རྒྱ་ནག་གིས་འཕྲོག་འདོད་པ་རེད།  ཅེས་བཀོད་ཡོད།  བོད་ཀྱི་ཆོས་འབྱུང་སྨྲ་བ་དག་གིས་སྐབས་དེའི་ལྟ་ཚུལ་དང་ལངས་ཕྱོགས་མི་གཅིག་པའི་འགལ་བ་དེ་བན་བོན་གྲུབ་མཐའ་གཉིས་ཀྱིས་ཆོས་ལུགས་ཀྱི་འཐབ་རྩོད་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་།  དོན་དེར་ཞིབ་ཏུ་བསམ་བློ་ཞིག་བཏང་ན།  འགལ་བ་དེ་དག་གི་ཕྱི་ཚུལ་གྱི་རྣམ་པ་ཙམ་ལ་བལྟས་ན་ཆོས་ལུགས་གྲུབ་མཐའི་འགལ་བ་ཙམ་དུ་སྣང་ཡང་།  དོན་དུ་དབང་སྒྱུར་གྲལ་རིམ་བར་དབང་ཆ་སུས་འཛིན་ལ་ཐུག་ཡོད་པའི་ཆབ་སྲིད་ཀྱི་རྩོད་པ་ཞིག་རེད།  དེས་ན་རྒྱ་བཟའ་ཀོང་ཇོ་ནི་ལྷ་སྒྲུང་ལྟར་གསུངས་པའི་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཞིག་མ་ཡིན་ལ།  བོད་ལ་གནོད་པ་འཁྱེར་ཡོང་མཁན་གྱི་འདྲེ་མོ་ཞིག་ཀྱང་མ་ཡིན་པར་དུས་རབས་བདུན་པའི་ནང་གི་དངོས་བྱུང་ལོ་རྒྱུས་མི་སྣ་ཞིག་ཡིན་པ་མ་ཟད།  རྒྱ་བོད་ཀྱི་འབྲེལ་བའི་ཆ་ནས་རང་ཉིད་ཀྱིས་ཁེ་གྱོང་ཆེན་པོ་ཁུར་མྱོང་བའི་ལོ་རྒྱུས་མི་སྣ་ཞིག་ཀྱང་རེད་སྙམ།   (དེའི་རྒྱུ་མཚན་ནི་ཁོ་མོ་རང་ཉིད་ལ་རང་དབང་ཅི་ཡང་མེད་པར་རྒྱ་བོད་གང་གི་བཀའ་ཁུར་བཟོད་བྱེད་དགོས་པའི་ཕྱིར་རོ།།)     གཉིས་པ།  རིག་པ་འགྲན་པིའ་གཏམ་རྒྱུད་ཀྱི་འབྱུང་ཁུངས།     དེ་ཡང《རྒྱལ་རབས་གསལ་བའི་མེ་ལོང》ལས།  བློན་པོ་མགར་དང་བཅས་པ་རྒྱ་ནག་ཏུ་ཀོང་ཇོ་སློང་དུ་སོང་ཚེ།  མཐའ་བཞིའི་རྒྱལ་ཁག་སོ་སོའི་བློན་པོ་ཡང་ཀོང་ཇོ་སློང་དུ་ཡོང་ཡོད་པ་དང་འཕྲད་ནས་རྒྱ་ནག་རྒྱལ་པོས་བོད་ལ་སྟེར་དུ་མ་འདོད་པས་རྒྱལ་ཁག་སོ་སོའི་བློན་པོ་རྣམས་ལ་རིག་པ་སུ་རྣོ་ལ་སྟེར་རོ་ཞེས་རིག་པ་རྣམ་པ་བརྒྱད་འགྲན་དུ་བཅུག་པ་སྟེ།  ༡.རྒྱལ་པོའི་བླ་གཡུ་ལ་དར་སྐུད་སུས་ཚུད་ལྟ་བ།  ༢.ལུག་ལྔ་བརྒྱ་བཤས་ནས་ཤ་ཡོངས་སུ་ཟོས་ཟིན་པ་དང་།  པགས་པ་མཉེས་ཟིན་པ་སུ་བྱུང་ལ་ལྟ་བ།  ༣.ཆང་བན་བརྒྱ་གཏན་ནས་འཐུང་ཟིན་ཡང་མ་བོ་བ་མ་བཟི་བ་སུ་བྱུང་ལ་ལྟ་བ།  ༤.རྒོད་མ་བརྒྱ་བུ་བརྒྱ་གཏད་ནས་མ་བུ་ངོ་ཤེས་མཁན་སུ་བྱུང་ལ་ལྟ་བ།  ༥.གསོམ་ཤིང་ཟླུམ་པོ་བརྒྱ་གཏད་ནས་མགོ་རྔ་ཤེས་མཁན་སུ་བྱུང་ལ་ལྟ་བ།  ༦.བྱ་མ་བརྒྱ་བུ་བརྒྱ་གཏད་ནས་བུ་ངོ་ཤེས་པ་སུ་བྱུང་ལ་ལྟ་བ།  ༧.མཚན་མོའི་མུན་ནག་ནང་དུ་རང་རང་གི་ཁང་བར་མ་ནོར་པར་འགྲོ་ཐུབ་པ་སུ་བྱུང་ལ་ལྟ་བ།  ༨.ཤར་སྒོའི་ཐང་དུ་མཚར་སྡུག་ལྡན་པའི་བུ་མོ་བརྒྱ་གྲལ་དུ་བསྒྲིགས་པའི་ཁྲོད་ནས་ཀོང་ཇོ་ངོ་ཤེས་མཁན་སུ་བྱུང་ལ་ལྟ་བ་བཅས་ཀྱི་རིག་པ་ཐེངས་བརྒྱད་ལ་འགྲན་ཞིང་།  འགྲན་ཐེངས་རེ་རེར་བོད་ཀྱི་བློན་པོ་མགར་རྒྱལ་མཐར་ཀོང་ཇོ་བོད་ལ་ཐོབ་པའི་གཏམ་རྒྱུད་ཡིད་འགུག་པ་ཞིག་བྲིས་འདུག   འོན་ཀྱང་།  རིག་པ་འགྲན་པའི་གཏམ་རྒྱུད་འདི་ནི《རྒྱལ་རབས་གསལ་བའི་མེ་ལོང》ཞེས་པ་ལ་སོགས་པའི་བོད་ཀྱི་དེབ་ཐེར་དག་ལས་མཐོང་རྒྱུ་ཡོད་པ་ཙམ་ལས།  རྒྱ་ནག་གི་ཐང་རྒྱལ་རབས་དང་དེའི་རྗེས་ཀྱི་རྒྱལ་རབས་གང་གི་སྐབས་ཀྱི་ལོ་རྒྱུས་དེབ་ཐེར་གང་གི་ནང་དུའང་གཏམ་རྒྱུད་དེ་འདྲ་ཞིག་མཐོང་རྒྱུ་མི་སྣང་།  དོན་དེར་ཞིབ་ཏུ་བསམ་བློ་ཞིག་བཏང་ན།  དེ་ནི་རྩོམ་པ་པོ་འཚོ་བཞུགས་སྐབས་ཀྱི་རིག་གནས་ཁྱབ་ཁོངས་ལ་རག་ལས་ཡོད་སྙམ།  གཏམ་རྒྱུད་དེའི་རྩོམ་པ་པོ་ནི་ས་སྐྱ་བ་བསོད་ནམས་རྒྱལ་མཚན(༡༣༧༢-?)ཡིན།  སྐབས་དེའི་བོད་ཀྱི་རིག་གནས་ཁྱབ་ཁོངས་གཙོ་བོ་ནི་རྒྱ་གར་ཕྱོགས་ཀྱི་རིག་གནས་སྣ་ཚོགས་བོད་ལ་འགྱུར་དང་སྒྱུར་བཞིན་པའི་སྐབས་ཡིན་པ་དང་།  བོད་ཀྱི་མཁས་པ་ཚོས་རྒྱ་གར་གྱི་རིག་གནས་སྣ་ཚོགས་རྨང་གཞི་བྱས་ཐོག་རང་ཉིད་ཀྱིས་ལད་མོའི་ངང་ནས་གསར་རྩོམ་བྱེད་བཞིན་ཡོད་པའི་སྐབས་ཡིན་པས།  རྒྱལ་རབས་གསལ་བའི་མེ་ལོང་ཞེས་པའི་རྩོམ་པ་པོས་ཀྱང་རྒྱ་གར་གྱི་རིག་གནས་སྣ་ཚོགས་ལ་སྦྱངས་ཤིང་།  རྒྱ་གར་གྱི་རིག་གནས་སྒྱུར་རྩལ་དང་བསམ་བློ་དེས་ཁོང་རང་གི་བསམ་བློའི་འདོད་དབང་དང་།  རིག་གནས་སྒྱུ་རྩལ་གྱི་ཆུ་ཚད།  གསར་རྩོམ་གྱི་ནུས་པའི་ཆུ་ཚད་བཅས་ལ་བག་ཆགས་ཆེན་པོ་ཞིག་ཐེབས་ཡོད་པར་བརྟེན།  རྒྱ་བཟོའ་ཀོང་ཇོ་བོད་ལ་གདན་དྲངས་པའི་གནས་ཚུལ་དཔྱད་གཞིའི་རྒྱུ་ཆ་ཅི་ཡང་མེད་པར་ལྐོག་གྱུར་དུ་སོང་བའི་དོན་དེར།  རྒྱ་གར་གྱི་གནའ་རབས་གཏམ་རྒྱུད་གཞིར་བཟུང་ནས་རང་གིས་རྟོག་བཟོ་བྱས་པ་རེད་སྙམ།  འོ་ན་རྒྱ་གར་གྱི་གཏམ་རྒྱུད་གང་ཞིག་གཞིར་བཟུང་ནས་རྟོག་བཟོ་བྱས་ཟེར་ན།  མཛངས་བླུན་ཞེས་པའི་མདོ་ཞེས་པ་ལས་བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ་ཞེས་པའི་ནང་དུ།  རྒོད་མ་མ་བུའི་དབྱེ་བ་ཕྱེ་བ་དང་།  སྦྲུལ་གྱི་ཕོ་མོའི་དབྱེ་བ་ཕྱེ་བ་དང་།  ཤིང་སྦོམ་ཕྲ་མཉམ་པ་ཅན་གྱི་མགོ་རྔའི་ཁྱད་པར་ཕྱེ་བ་བཅས་ཀྱི་རིག་པ་སུ་རྣོ་ལ་བརྟག་པའི་གཏམ་རྒྱུད་བཀོད་ཡོད་ཅིང་།  དེར་མ་ཟད།  ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ཞེས་པ་ལས་ཀྱང་།   ནོར་བཟའ་ལྗོན་པའི་ཡུལ་དུ་ཡིད་འཕྲོག་མ་སློང་དུ་འོང་བ་ལ།  གནོད་སྦྱིན་རྒྱལ་ཁག་བཞི་ཡང་ཡིད་འཕྲོག་མ་སློང་དུ་ཡོང་ཡོད་པའི་སྐབས་དང་འཕྲད་ནས།  ལྗོན་པའི་རྒྱལ་བོས་ནོར་བཟང་ལ་སྟེར་མ་འདོད་པས།  རྒྱལ་ཁག་ལྔ་ལ་དྲག་རྩལ་སོགས་རིག་པ་ཐེངས་གསུམ་ལ་འགྲན་དུ་བཅུག་པའི་གཏམ་རྒྱུད་ཅིག་བྲིས་ཡོད་པ་དེ་དག་ནི་བློན་པོ་མགར་གྱིས་རྩལ་འགྲན་ལས་རྒྱལ་ཁ་བླངས་པའི་གོ་རིམ་དང་ཧ་ཅང་འདྲ་མཐུན་ཡོད་པར་མ་ཟད།  ནོར་བཟང་གི་རྣམ་ཐར་ལས་ཡིད་འཕྲོག་མ་སློང་མི་རྒྱལ་ཁག་ལྔ་བྱུང་བ་དང་།  རྒྱ་བཟའ་ཀོང་ཇོ་སློང་མི་ཡང་རྒྱལ་ཁག་ལྔ་བྱུང་བ།  དྲི་ཟའི་རྒྱལ་བོས་ནོར་བཟང་ལ་སྟེར་འདོད་མ་བྱུང་བ་དང་།  རྒྱ་ནག་རྒྱལ་བོས་བོད་ལ་སྟེར་འདོད་མ་བྱུང་བ།  རྒྱལ་བོ་གཉིས་ཀས་སོ་སོ་ནས་རྒྱལ་ཁག་ལྔ་རེའི་བློན་པོ་ཚོར་རིག་པ་དང་ལུས་རྩལ་འགྲན་དུ་བཅུག་པ་དང་།  མཐར་རྒྱལ་ཁག་གཞན་རྣམས་ཀྱིས་ཅི་ཡང་མ་བཏུབ་བར་ནོར་བཟང་དང་མགར་དམ་པ་གཉིས་རྣམ་པར་རྒྱལ་བ་བཅས་ཀྱི་གོ་རིམ་ལས།  རྒྱལ་བོ་དང་སྲས་མོ།  གཉེན་སློང་གི་བློན་པོ།  རྩལ་འགྲན་བཅས་གཅིག་འདྲ་ཡིན་པར་མ་ཟད།  ཚིག་གི་བརྗོད་སྟངས་ཆ་ནས་ཀྱང་མཚུངས་པ་ནི་དཔེར་ན།  ནོར་བཟང་གིས་རྒྱལ་ཁ་བླངས་པའི་མཇུག་ཏུ་རྒྱལ་ཁག་གཞན་པ་ཚོར་འདི་སྐད་དུ།  ཡིད་འཕྲོག་བདག་ལ་ཐོབ་བོ།།  ཁྱེད་ཅག་ཀུན་མཛུབ་མོ་ཁ་རུ་བཅུག་ལ་སོ་སོར་ལོག་ཅེས་ང་རྒྱལ་གྱི་གཏམ་སྨྲས་པ་དང་།  བློན་པོ་མགར་གྱིས་ཀྱང་རྩལ་སྣ་ཚོགས་འགྲན་པ་ལས་རྒྱལ་མཐར་རྒྱལ་ཁག་གཞན་པ་ཚོར་འདི་སྐད་དུ།  ལྷ་གཅིག་ངེད་ཀྱིས་སྤྱན་འདྲེན་པ་ཡིན་པས།  ཐམས་ཅད་ཁར་མཛུབ་མོ་ཆུག་ལ་སྡོད་བྱས་སོ།།  ཞེས་པ་འདི་ལས་ཀྱང་བརྩམས་ཆོས་འདི་དག་མ་བུའི་འབྲེལ་བ་ཡིན་པ་ཤེས་གསལ་རེད།  གཞན་ཡང་མཛངས་བླུན་ཞེས་པའི་མདོ་དང་ནོར་བཟང་གི་རྣམ་ཐར་ཞེས་པ་གཉིས་ནི་རྒྱལ་རབས་གསལ་བའི་མེ་ལོང་ཞེས་པའི་དེབ་ཐེར་འདི་མ་བརྩམས(༡༣༨༣ལོར་བརྩམས)གོང་བོད་ལ་འགྱུར་ཟིན་པའི་ནང་བསྟན་ཁྲོད་ཀྱི་རྩོམ་རིག་ཅིག་ཡིན་པས།  རྩོམ་པ་པོར་དེའི་བག་ཆགས་དང་ཤན་ཤུགས་ཐེབས་ངེས་པའི་དུས་རིམ་ཡང་ཆ་འགྲིག་རེད།     གསུམ་པ།   རྒྱ་བཟའ་ཀོང་ཇོ་བོད་ལ་ཇི་ལྟར་བྱོན་པའི་སྐོར།     གོང་དུ་བཤད་པ་ལྟར།  རྒྱ་བཟའ་ཀོང་ཇོ་ནི་རྒྱལ་ཁག་ལྔས་རིག་པ་འགྲན་ནས་བོད་ལ་ཐོབ་ཅེས་པར་ཡིད་ཆེས་དཀའ་ན།  དངོས་དོན་ཅི་ཞིག་གི་འོག་ཏུ་བོད་ལ་ཕེབས་ཤེ་ན།  དེ་ཡང་དུས་རབས་བདུན་པའི་དུས་མགོར།  བོད་རྒྱལ་སྲོང་བཙན་སྒམ་པོའི་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ནས་རྒྱལ་སྲིད་གསར་དུ་བཙུགས་མ་ཐག་གི་སྐབས་ཡིན་སྟབས།  ནང་གི་ཕྲག་དོག་དང་གྱེན་ལོག་ཕྱི་ཡི་བཙན་འཛུལ་གྱི་གནོད་འཚེ་རྟག་ཏུ་ཉེན་ཁ་ཆེ་ཚུལ་ནི་ལོ་རྒྱུས་དེབ་ཐེར་མཁས་པའི་དགའ་སྟོན་ཞེས་པ་ལས་མཐའ་བཞིའི་རྒྱལ་བོས་རྟག་ཏུ་མནར་ཞིང་འཚེ།།  རྒྱ་ནག་རྒྱལ་པོ་ཤི་ལ་སྦྲུལ་ལྟར་འཁྲི།།  རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ།།  སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །  གེ་སར་རྒྱལ་པོ་ཤིང་ལ་སྟ་ལྟར་འཚབ།།  ཅེས་འཁོད་ཡོད་པ་ལྟར།  གནོད་འཚེ་དེ་དག་ལྡོག་ཕྱིར་ཞི་དྲག་གཉིས་ཀྱི་འཐབ་ཇུས་ལ་བརྟེན་དགོས་པ་ནི།  སྐབས་དེའི་ཁ་གཏུགས་ཀྱི་དགོས་ངེས་ཡིན་ཏེ།  སྐབས་དེར་ནུབ་བལ་བོ་དང་ཤར་རྒྱ་ནག་གི་རྒྱལ་ཁབ་གཉིས་སྟོབས་འབྱོར་ཆེ་ཞིང་གནོད་འཚེ་ཉེན་པ་ཆེ་སྟབས།  དེ་གཉིས་ལ་ཕྱོགས་གཅིག་ནས་སྐྱེས་བསྐུར་བ་དང་གཉེན་སློང་བའི་མཛའ་བརྩེ་གཙོ་བོར་བྱེད་པའི་སྒོ་ནས་ལྡོག་པ་ལ་དམིགས་པ་དང་།  ཕྱོགས་གཞན་ཞིག་ནས་བུ་མོ་མི་སྟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་དེར་བཏང་ནས་ཁྱོད་གསོད།  བུ་མོ་འཕྲོག་གྲོང་ཁྱེར་ཐམས་ཅད་བཅོམ་ལ་བཞག་གོ་ཞེས་དྲག་ཐབས་ཀྱིས་འཐབ་ཇུས་ལ་བརྟེན་ནོ།།  དེ་ཡང་རིན་ཐང་ལྡན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་དང་དེབ་ཐེར་དམར་པོ།  དེབ་ཐེར་དཀར་པོ།  ཐང་ཡིག་གསར་རྙིང་གི་བོད་ཀྱི་ལོ་རྒྱུས་སྐོར་ཞེས་པ་བཅས་ཀྱི་དགོངས་དོན་རྣམས་རྡོག་གཅིག་ཏུ་བསྒྲིལ་ནས་བརྗོད་ན།  སྐབས་དེར་ཐང་རྒྱལ་རབས་ལ་མཚོན་ན།  ཐང་ཐེའུ་ཙུང་གི་སྐབས་སུ་ཐང་རྒྱལ་རབས་སོ་མ་བཙུགས་མ་ཐག་ཡིན་པས།  ད་དུང་མུ་མཐུད་ནས་ཕྱོགས་བཞིར་ཁོངས་རྒྱ་བསྐྱེད་ཀྱི་དམག་འཁྲུག་རྒྱུན་མི་ཆད་པར་སྐུལ་བཞིན་ཡོད་ཅིང་།  ལྷག་པར་དུ་ནུབ་ཕྱོགས་སུ་དམག་རྒྱ་བསྐྱེད་པ་དེ་ཐང་ཐེའུ་ཙུང་གི་དམག་ཇུས་གཙོ་བོ་ཡིན་ཞིང་།  སྐབས་དེར་མཚོ་སྔོན་གྱི་བྱང་ཤར་ས་ཁུལ་དུ་འ་ཞ་ཞེས་པའི་མི་རིགས(དེང་སང་ཧོར་རིགས་ཞེས་པ་འདིའི་མེས་པོ་ཡིན)ཤིག་ཡོད་པ་རིམ་བཞིན་རྒྱལ་ཁག་ཆུང་ཆུང་ཞིག་ཏུ་ཆགས་ཡོད་པ་དེའི་རྒྱལ་བོ་གངོ་དཔོན་ཟེར་བ་དེ་ཐང་ཐེའུ་ཙུང་གིས་ཧོང་ཧྭ་ཀོང་ཇོ་བག་མར་གནང་ཞིང་གཉེན་འབྲེལ་གྱི་ཐབས་ལས་འདུལ་ཐབས་བྱས།  དེ་ལ་བརྟེན་ནས་ནུབ་ཕྱོགས་སུ་དམག་རྒྱ་བསྐྱེད་རྒྱུའི་ཇུས་འགོད་འཐེན་པ་དང་དུས་མཚུངས་སུ།  བོད་ལ་ལག་སྐྱེས་ཕུལ་མཁན་ཡིན་ཟེར་བའི་ནུབ་ཕྱོགས་ཀྱི་གནས་ཚུལ་ལ་བརྟག་མི་མངགས་པ་དང་།  བོད་ཀྱི་ཀྱང་དེ་ལྟ་བུའི་བརྟག་མི་ཐང་ཕྱོགས་སུ་མངགས་ཤིང་།  བོད་ཀྱི་ཕོ་ཉས་ཐང་གིས་འ་ཞང་དང་གཉེན་འབྲེལ་བཟུང་ཡོད་པའི་གནས་ཚུལ་དེ་ཤེས་སྟབས།  ཕྱིར་བོད་དུ་ལོག་ནས་བཙན་པོ་ལ་ཞུས་ནས་བོད་ཀྱིས་ཀྱང་ཐང་ཐེའུ་ཙུང་ལ་སྲས་མོ་ཞིག་སློང་བའི་ཕོ་ཉ་མངགས།  ཕོ་ཉས་གསེར་ཁྲབ་དང་བཅས་པའི་རིན་པོ་ཆེའི་བདོག་པ་མང་པོ་བསྣམས་ཏེ་རྒྱ་ནག་ཏུ་སོང་ནས་ཀོང་ཇོ་བསླངས་ཚེ།  ཐང་ཐེའུ་ཙུང་གིས་མ་གནང་བས་དེར་བོད་ཀྱི་བཙན་པོ་ཁྲོས་ནས་སྟོད་མངའ་རིས་ཕྱོགས་སུ་དམག་མི་འབུམ་ཕྲག་གཉིས་བསྐུལ་ནས་འ་ཞ་བ་རྣམས་བཅོམ་པ་དང་།  ལོ་ཤས་རིང་རྒྱ་ནག་དང་དམག་འཐབ་མང་བོར་བྱས།  དེའི་སྐོར་ལ།  རྒྱ་བོད་ལོ་རྒྱུས་ཆེན་མོ་ཞེས་པ་ལས།  ཐང་ཀའུ་ཛུང་རྒྱལ་བོས་ས་ཕོ་སྟག་ལ་རྒྱལ་ས་བཟུང་།  ལོ་དགུར་སྲིད་བསྐྱངས།  བདུན་བཅུ་ལ་འདས།  དེའི་བུ་ཐང་ཐེའུ་ཙུང་གིས་ཤིང་ཕོ་རྟ་ལ་བོད་ཀྱི་རྒྱལ་བོ་ལ་གྲོངས་པོ་སྐྱེས་བསྐུར་རེས་བྱས།  རྒྱ་བོད་འབྲེལ་བའི་སྔ་མ་ཡིན་ནོ།།  ཐང་གི་བུ་མོ་སློང་བ་ལ།  དེ་རྒྱལ་བོ་སྲོང་བཙན་སྒམ་པོས།  གསེར་གྱི་ཁྲབ་བསྐུར་བཏང་བ་ལ་མ་བྱིན་པས།  བོད་དམག་འབུམ་ཕྲག་གཉིས་འཁྱེར་ནས་ཐུ་ཡུ་ཧུན(བོད་ཀྱིས་འ་ཞ་ཟེར)བཅོམ་སྟེ་བཟུང་།  ཞེས་བཀོད་པ་དང་།  གནས་ཚུལ་དེ་རྣམས་ལ་གཞིག་ན།  སྐབས་དེར་ཐང་ཐའེ་ཙུང་གིས་འ་ཞ་བ་ལ་བརྟེན་ནས་བོད་ལ་རྡུང་རྡེག་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་བོད་ཀྱིས་ཤེས་ནས།  ད་གཟོད་ཀོང་ཇོ་མ་གནང་བར་རྐྱེན་བྱས་ཏེ་འབུམ་དམག་བསྐུལ་ཏེ་འ་ཞ་བ་བཅོམ་པ་ཡིན་པར་ཤེས་ཐུབ་བོ།།  དེ་འདྲ་མིན་ན།  ཀོང་ཇོ་བོད་ལ་མ་གནང་བའི་དོན་དེ་རྒྱ་བོད་བར་གྱི་འགལ་བ་ཡིན་པས།  འ་ཞ་བ་བཅོམ་དགོས་དོན་མ་མཆིས་སྙམ།  དེས་ན་བོད་ཀྱིས་འ་ཞ་བ་བཅོམ་ནས་ཡུལ་བཟུང་ན།  དོན་དུ་ཐང་ཐེའུ་ཙུང་གི་དམིགས་ཡུལ་དེར་རྡུང་རྡེག་དང་འཇིགས་སྣང་བཏང་བ་རེད།  དོན་དེ་དེབ་ཐེར་དམར་པོའི་ནང་སྲེའུ་ལེན་ཀོང་ཇོ་ཞེས་པའི་འགྲེལ་བ་ལས་ཀྱང་།  ཀྲིན་གོན་ཁྲི་ལོ་བཅུ་བ་མེ་སྤྲེལ་སྤྱི་ལོ༦༣༦ལོར་བློན་པོ་མགར་སྟོང་བཙན་དང་།  ཐོན་མི་སམ་བྷོ་ཊ།  འབྲི་སེ་རུ་གུང་སྟོན་སོགས་ཀྱི་བདུན་གསེར་དངུལ་སོགས་དངོས་པོ་མང་བོའི་རྟེན་དང་བཅས་བསྐུར་ནས་གོང་མ་ཐང་ཐེའུ་ཙུང་གི་སར་མངགས་ཏེ།  རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བར་བཏང་ཡང་ཐོག་མར་ཁས་མ་བླངས་སྟབས།  སྲོང་བཙན་སྒམ་པོས་དམག་བཏང་ནས་ལོ་ཤས་རིང་དམག་འཁྲུག་བྱས་མཐར།  སླར་ཡང་བློན་པོ་མགར་སྟོང་བཙན་བདུན་གསེར་སྲང་ལྔ་སྟོང་དང་།  རིན་པོ་ཆེ་རྒྱན་དང་ཁྲབ་སོགས་བསྐུར་ནས་བཟོད་གསོལ་ཞུས་ཐོག་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བས་སྟེར་བར་ཁས་བླངས་ཏེ།  ཀྲིན་གོན་ཁྲི་ལོ་བཅོ་ལྔ་བ་ལྕགས་གླང་སྤྱི་ལོ༦༤༡ལོར་རྒྱ་བཟའ་ཀོང་ཇོ་རྒྱལ་བོ་སྲོང་བཙན་སྒམ་པོའི་བཙུན་མོར་གནང་།  ཞེས་བོད་ཀྱིས་རྒྱ་བཟའ་ཀོང་ཇོ་བསླངས་བ་ནས་རྒྱ་རྗེས་གནང་བའི་བར་དུ(༦༣༦-༦༤༡)ལོ་ངོ་དྲུག་ཙམ་སོང་ཡོད་པ་དང་།  དེའི་ནང་དུ་བོད་ཀྱིས་རྒྱས་ཀོང་ཇོ་མ་གནང་བ་ལ་ཁྲོས་ནས་འ་ཞ་བ་བཅོམ་པ་དང་རྒྱ་དམག་ལ་ཐེངས་མང་པོར་དམག་འཁྲུག་བྱས་པ་ཡིན་ནོ།།     གཞན་ཡང་ཐང་རྒྱལ་ལ་མཚོན་ནའང་།  སྐབས་དེར་ཐང་ཐེའུ་ཙུང་གིས་དེ་སྔོན་ཐུ་ཡུ་ཧུན(འ་ཞ)གྱི་རྒྱལ་བོ་གངོ་དཔོན་ལ་གཉེན་འབྲེལ་བྱས་ཏེ།  རང་གི་བསམ་དོན་འགྲུབ་པར་རློམ་ཡོད་ཀྱང་།  ཚུལ་དེ་བོད་ཀྱིས་རྟོགས་ནས་ཐུ་ཡུ་ཧུན་བཅོམ་པར་མ་ཟད།  རྒྱ་དམག་ཐེངས་མང་པོར་ཕམ་པར་བྱས་སྟབས།  ཐང་ཐེའུ་ཙུང་སེམས་གཏིང་ནས་སྐྱི་གཡའ་ཞིང་འཇིགས་ནས།  མི་འདོད་བཞིན་དུ་འདུམ་འགྲིག་ཡོང་བར་བློ་ཁ་འཁོར་དགོས་ཤིང་།  གལ་ཏེ་ད་དུང་ཀོང་ཇོ་མ་བྱིན་ན་བོད་དམག་གིས་ཚད་མེད་དུ་འཁྲུག་སློང་བྱེད་ངེས་རེད་བསམ་ནས།  རྒྱ་བོད་གཉིས་ཀྱི་ས་མཚམས་བདེ་འཇགས་ཡོང་བར་དམིགས་ནས་ཀོང་ཇོ་གནང་རྒྱུའི་ཁས་ལེན་བྱུང་ངོ་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།