中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། བོད་ཀྱི་རིགས་རུས་ཁག་ཅིག་གི་བླ་ཟོག
དུས་ཚོད།2019-04-10 14:10:01     རྩོམ་གྱི་ཡོང་ཁུངས།དབྱངས་ཀྱི་མཆོད་པ།     ཆུང་། | འབྲིང་། | ཆེ།
   བོད་ཀྱི་རུས་ཆེན་བཞི་ལས་རིགས་བཟང་ལྔ་བསལ་བ་ནས་བཟུང་རང་རང་གི་བླ་ཟོག་ཡོད་དེ། ལྡོང་གི་བླ་ཟོག་ཤ་བ། འབྲིའི་བླ་ཟོག་གཡག སྦྲའི་བླ་ཟོག་རྐྱང་། སྒའི་བླ་ཟོག་ལུག སྒོའི་བླ་ཟོག་ར་ཡིན་ལ། ཆུ་ནག༼ཁྲོ་ཆུ༽གི་སྒོ་ཡི་རིགས་རྣམས་ཀྱི་བླ་ཟོག་ར་ཡིན་པས། ཁང་ཐོག་ཏུ་ར་མགོ་འབྲི་བའང་བཅའ། དེའི་རྒྱུ་མཚན་གྱིས་དེ་དག་གི་ཡུལ་ལུང་ལ་ར་མགོའི་ཁོག་ཟེར། ཆུ་ནག་གི་འབྲི་ཡི་རིགས་རྣམས་ཀྱི་བླ་ཟོག་གཡག་ཡིན་པས། ཁང་ཐོག་ཏུ་གཡག་མགོ་འབྲི་བའམ་བཅའ་བར་བྱེད་པས། དེ་དག་གི་ཡུལ་ལ་གཡག་མགོའི་ཁོག་ཅེས་གྲགས་སོ། །……བོད་ཀྱི་རུས་ཆེན་བཞི་དང་། མིའུ་གདུང་དྲུག་སོགས་གོང་དུ་བཤད་ཟིན་ལ། གཞན་ཡང་བོད་ཀྱི་མིའུ་གདུང་དྲུག་གི་རུས་མཛོད་ལས། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་། རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོའི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན་ཞེས་གསུངས་པ་ལྟར། རྟ་དམག་ཡུལ་འདིའི་ཚོ་བ་བཅུ་དགུའི་བླ་ཟོག་གཡག་ཡིན་ལ། ཚོ་བ་བཅོ་བརྒྱད་ཀྱི་བླ་ཟོག་ར་ཡིན་སྟབས། གཟུགས་རིས་ཀྱང་འབྲི་བཅོས་བགྱིད་སྲོལ་ཡོད་པས། ཚོ་བ་བཅུ་དགུ་ནི་བོད་ཀྱི་ཨ་ལྕགས་འབྲིའི་རིགས་ཡིན་པ་དང་། ཚོ་བ་བཅོ་བརྒྱད་ནི་ལྷ་རིགས་སྒོའི་རིགས་ཡིན་པར་གསལ་ལོ།  ཡུལ་དེ་དག་གི་ཚོ་བ་ལ་ལའི་བླ་ཟོག་གཡག་ཡིན་པ། ཚོ་བ་ལ་ལའི་བླ་ཟོག་ར་ཡིན་སྟབས། གཟུགས་རིས་ཀྱང་འབྲི་བཅོས་བགྱིད་སྲོལ་ཡོད་པས། ཚོ་བ་དེ་དག་གི་ལ་ལ་ཨ་ལྕགས་འབྲིའི་རིགས་ཡིན་པ་དང་། ལ་ལ་ལྷ་རིགས་སྒོའི་རིགས་ཡིན་པར་གསལ་ལོ། །ཡང་རུས་མཛོད་ལས་རིགས་བཟང་ངན་གཉིས་སུ་དབྱེ་བ་ནས་བཟུང་སྟེ། རང་ཚན་རང་ཚན་དེ་རྣམས་རང་ཚན་བྱས་ནས་ཕན་ཚུན་མ་འདྲེས་པར་ཡུན་དུ་གནས་པ་ལ། ཆོས་ཀྱི་སྦྱིན་པའི་སྐབས་སུ་རིགས་བཟང་ངན་ཡང་ཤེས་པར་མངོན་ལ། དེ་ནས་རིགས་བཟང་པོ་རྣམས་ཀྱིས་རང་ཤུགས་ཀྱིས་ལས་རྣམས་སྒྲུབ་ལ། དེས་བོད་ཀྱི་ཡུལ་ལྷ་རྣམས་དྭངས་པ་ཆེན་པོས་མཆོད་པས། དེ་དག་རྣམས་ལ་ཞིང་བོ་སྒོ་ཞེས་ཟེར་ལ། ཕྱིས་སུ་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་སྒོ་དང་། བསྭེ་ཡི་ནང་གི་རིགས་བཟང་གཙོ་བོ་རྣམས་ལ་བསྭེ་ཆུང་༼ཁྱུང༽སྦྲ། དེ་བཞིན་དུ་སྨུ་ཡི་ནང་གི་རིགས་བཟང་གཙོ་བོ་རྣམས་ལ་སྨུ་ཚ་སྒ། ལྡོང་གི་ནང་གི་རིགས་བཟང་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་གཙོ་བོ་རྣམས་ལ་ཨ་ལྕགས་འབྲིའོ། །ཞེས་གསུངས་པ་དང་། ཡང་རུས་མཛོད་དེ་ལས། རུས་ཆེན་འདི་དག་ལ་དོན་གྱི་མིང་ཡང་འདི་ལྟར་ཡོད་ལ། ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེ་གཉན་ཆེ་བ། འབྲི་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ། སྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ། སྦྲ་མི་སྣ་ཅན་ཞེས་ཕྱུག་དཔལ་ཆེ་བ། ཞིང་སྒོ་ཞེས་པ་ལྷ་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར་ཞེས་གསུངས་པ་ལྟར། བླ་ཟོག་ར་ཡིན་པའི་ཞིང་སྒོའི་རིགས་ནི་ལྷ་རིགས་ཡིན་པས། ལྷ་དགྱེས་ས་ཡིན་སྙམ་པ་དང་། བླ་ཟོག་གཡག་ཡིན་པའི་ཨ་ལྕགས་འབྲིའི་རིགས་ནི། འབྲི་བྱས་པ་ཅན་ཞེས་དགྲ་ལ་རྒོད། ཅེས་ཟེར་བ་ལྟར་དཔའ་བོ་ཡིན་པས། རིགས་དེ་གཉིས་ཀྱིས་རྟ་དམག་བསྒྲིགས་ནས་རྒྱ་བོད་སོ་མཚམས་ཝེ་ཀྲུའུ་སོགས་སུ་བཞག་པའི་རྒྱུ་མཚན་གྱིས། མིང་ལའང་རྟ་དམག་ཅེས་གྲགས་སོ། །དཔའ་བོ་ཡིན་པར་གྲགས་སོ། ། གཞན་ཡང་། རུས་མཛོད་ལས། སྒོའི་བླ་ཟོག་ར་དང་མེ་ཁམས་ཡིན་པ་དང་། འབྲིའི་བླ་ཟོག་གཡག་དང་ཆུ་ཁམས་ཡིན་པས། ལ་བོང་གི་ར་གཡག་གི་ཤོག་གཉིས་ལའང་དེ་ལྟ་བུའི་བཤད་ཚུལ་ཡོད་འདུག
     བོད་ཀྱི་གོམས་གཤིས། ས་མཐོར་ཕྱུགས་འཚོ་སྐྱོང་གི་སྐབས་ར་ལུག་གི་སློག་པ་ཁོད་ཡངས་ཤིང་ཕུ་རུང་ཆེ་བ་གྱོན་པ་དང་། དམག་ལ་འགྲོ་སྐབས་སྟོད་ཐུང་དོར་མ་སྟབས་བདེའི་སྟེང་དུ་བེར་དང་ཁྲབ་རྨོག་གྱོན་པ་དང་། ཁྲི་དཔོན་གྱིས་སྟག་ལྤགས་ཀྱི་སྟོད་ཐུང་། སྟོང་དཔོན་གྱིས་གཟིག་ལྤགས་ཀྱི་སྟོད་ཐུང་། དམག་དམངས་ཀྱིས་ར་ལུག་གི་པགས་པའི་སྟོད་ཐུང་གྱོན་ཞིང་། ནང་གོས་ལ་ཕུ་རུང་ཡོད་ལ། སྟོད་ཐུང་ལ་ཕུ་རུང་མེད་པ་ནི། གྲི་མདུང་དབྱུག་བདེ་བའི་ཆེད་ཡིན་ལ། ཐང་མཚམས་སུ་དམག་ལ་ཡོང་སྐབས་ནགས་ཚལ་ནང་ནས་འབུད་ཤིང་གཅོད་བྱེད་གྲི་ཐུང་དང་། དགྲ་ལ་འཐབ་བྱེད་གྲི་རིང་ཡོད་པ། གློ་གཡས་སུ་མེ་ཆ་ལ་གཡུ་བྱུར་གྱི་ཕྲས་བརྒྱན་པ་འདོགས་པ་སོགས་བོད་སྤྱིའི་གོམས་ལུགས་ཡིན་པ་ལྟར། ལ་བོང་ཡུལ་ཚོའི་གོམས་གཤིས་ཀྱང་དེ་འདྲ་ཡིན་སྟབས། དེས་ཀྱང་བོད་རིགས་ཡིན་པ་ཤེས་ནུས་སོ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།