中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།
དུས་ཚོད།2019-04-17 09:36:01     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། བེ་རི་རྒྱལ་པོའི་དཀའ་འབངས་འཇིགས་མེད།     ཆུང་། | འབྲིང་། | ཆེ།
སྔོན་དུ་གླེང་པའི་གཏམ།
     བོད་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད། འོ་དེ་པུར་རྒྱལ་གཉའ་ཁྲི་བཙན་པོ་ཚུན་ཆད་ཅུང་ཟད་ཁ་གསལ་བའི་ལུགས་སུ་མཆིས་མོད། དེའི་ཡར་སྔོན་བོད་སྟོད་སིལ་གྱི་བྱུང་རིམ་དང་འབྲེལ་པའི་མངའ་མཛད་སྐོར་སྔོན་གྱི་ལོ་རྒྱུས་ཁ་ཤས་སུ་རྐང་གྲངས་ཙམ་ངོས་འཛིན་བྱས་པ་དང༌། ཡང་ན་ཕྱོགས་སྟོན་ཙམ་གནང་བ་ལས། བོད་མངའ་མཛད་ཆེན་པོ་བཅུའི་བྱུང་རིམ་རྩལ་དུ་བཏོན་ནས་དཔྱད་རྩོམ་སྤེལ་མཁན་ཞིག་ད་ཕན་ཕལ་ཆེར་བྱུང་མྱོང་མེད་པ་འདྲ། བོད་ཀྱི་ལོ་རྒྱུས་དང་རྒྱལ་རབས་ཀྱི་སྒྲོམ་གཞིའི་ཆ་ལག་ཡོངས་སུ་ཚང་བ་ཞིག་བསླང་དགོས་ན། བོད་མངའ་མཛད་ཀྱི་བྱུང་རིམ་གྱི་སྟོང་ཆ་མི་ལུས་པ་ཞིག་དགོས་པ་ཡང་བཤད་མི་དགོས་པ་ཞིག་རེད་སྙམ། སྤྱིར་རྒྱལ་རབས་དང་ལོ་རྒྱུས་ཀྱི་སྒྲོམ་གཞི་བརྟན་པོའི་ཡིག་ཆ་གསོག་འཇོག་གི་ལམ་ལུགས་ཐོག་མར་བྱུང་ས་ནི་བཙན་པོ་ཁྲི་སྲོང་གི་སྐབས་ཡིན་ལ། ཁྲི་སྲོང་རང་གི་མི་རྒྱུད་སྔ་མའི་བྱུང་རིམ་འབུར་དུ་བཏོན་ནས་སྐབས་དེའི་ལོ་རྒྱུས་རྩོམ་སྒྲིག་དང་ཡིག་ཆ་བདག་ཉར་གནང་མཁན་ཚོས་གཉའ་ཁྲི་མན་ཆད་ཀྱི་ལོ་རྒྱུས་ཆ་ལས་ཅུང་འཐུས་ཚང་གནང་འདུག་པ་ལས། དེ་མིན་མངའ་མཛད་ཀྱི་སྐོར་ལ་དེ་ཙམ་ཡིག་འཇོག་དང་དོ་སྣང་གནང་མེད་པ་ཏུན་ཧོང་ཡིག་རྙིང་ལ་བརྟེན་ནས་ཤེས་ཐུབ་པ་ཞིག་རེད་སྙམ། ཁྲི་སྲོང་རང་གི་མི་རྒྱུད་སྔ་མས་རྒྱལ་སྲིད་བཟུང་མཁན་དང་པོ་གཉའ་ཁྲིའི་མི་ཁོང་རྒྱ་གར་ལ་གཏུགས་པས། དེས་ན་གཉའ་ཁྲི་ཡར་སྔོན་དུ་བྱུང་བའི་བོད་མངའ་མཛད་ཆེན་པོ་རྣམས་དང་ཁྲི་སྲོང་དབར་ཆོས་དང་མི་རྒྱུད་གཉིས་ཐད་ནས་འབྲེལ་བ་དེ་ཙམ་མི་ཆེ་པས། སྔོན་གྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་བོད་མངའ་མཛད་ཀྱི་ལོ་རྒྱུས་དེ་ཙམ་གྲ་རྒྱས་མི་ཡོང་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན་སྲིད་སྙམ། དེར་བརྟེན་ད་ཕན་གཉའ་ཁྲིའི་གོང་གི་མངའ་མཛད་དང་བོད་སྟོད་སིལ་གྱི་ལོ་རྒྱུས་ཆ་ལག་ཡོངས་སུ་རྫོགས་པའམ་འཐུས་ངེས་ཅན་ཚང་བ་ཞིག་ཧ་ལམ་སུས་ཀྱང་བྲིས་མེད་པ་འདྲ། ལོ་རབས་དགུ་བཅུ་པའི་མཇུག་མཐར་ཕྲན་གྱིས་འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་ཁྲི་ཤིང་ཐོག ཐང་ཡིག་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལ་བརྟེན་ནས་མངའ་མཛད་ཀྱི་སྐོར་རགས་ཙམ་བྲིས་ཁུལ་བྱས་མོད།འོན་ཀྱང་འདོད་པ་ཚིམས་པ་ཞིག་འབྲི་ཐུབ་མ་སོང༌།
     དུས་རབས་ཉེར་གཅིག་པའི་དུས་མགོར་སླར་ཡང་བོད་མངའ་མཛད་ཀྱི་སྐོར་ལ་ཉམས་ཞིབ་བྱེད་འདོད་ཡོད་པའི་མུར། ས་སྐྱའི་གདུང་རབས་ལ་ལྟ་ཞིབ་ནན་པོར་བྱས་པས། བོད་མངའ་མཛད་དང་ས་སྐྱའི་གདུང་རབས་དབར་འབྲེལ་བ་ཆེན་པོ་ཡོད་པའི་ཚོར་སྣང་བྱུང༌། དེར་བརྟེན་སྔ་ཕྱིར་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱས་ནས་མངའ་མཛད་བཅུའི་ལོ་རྒྱུས་འབུར་དུ་བཏོན་ནས་དཔྱད་རྩོམ་མདོར་བསྡུས་ཤིག་བྱས་ཏེ། ཝཱ་ར་ཎཱ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲོག་སྦྱངས་དང་བགྲོ་གླེང་བྱས། དེ་རྗེས་ཝཱ་ཎཱའི་དཔེ་མཛོད་ཁང་སོགས་ཀྱི་དཔེ་དེབ་གལ་ཆེར་འགའ་ཞིག་གསར་རྙེད་བྱུང་བ་ལ་བརྟེན་ནས་སྣོན་འཕྲི་གང་ཙམ་གྱིས་སྔར་བས་ཅུང་མཐུས་ཚང་བ་བྱས་ནས། ནོར་གླིང་བོད་ཀྱི་མཐོ་སློབ་ཏུ་རྒྱལ་རབས་ཁྲིད་སྐབས་སླར་ཡང་ལུང་རིགས་ཀྱིས་དཔྱད་ཞིབ་ནན་པོའི་ལུགས་སུ་བྱས་ནས་པར་བཤུས་ཁོ་བོའི་གྲོགས་ཀྱི་ཡང་རྩེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་སུ་སྤྱན་སྟར་དང་འབྲེལ་ཁོང་གི་ལམ་སྟོན་བཞིན་ཞིབ་གཤེར་ནན་པོའི་ལུགས་སུ་བྱས་གཏན་ལ་ཕབ་པས། གཅིག་བྱས་བོད་མངའ་མཛད་སྐབས་ཀྱི་ལོ་རྒྱུས་བྱུང་རིམ་ཐད་དཔྱད་རྩོམ་འདི་ཉིད་ཁ་གསལ་ཤོས་དང་ཁུངས་བཙན་བཙན་ཤོས་དེ་ཡིན་སྲིད་སྙམ།
མངའ་མཛད་ཐོག་མ་གང་ལས་བྱུང་བའི་ཁུངས།
     རང་རེ་བོད་ཀྱི་ཕ་མེས་དང་ཡང་མེས་སྤྲ་དང་སྤྲེའི་གནས་བབ་རིམ་གྱིས་འགྱུར་བ་ཐེབས་ཏེ། འགྲོ་བ་མིའི་རྣམ་པར་གྱུར་ནས་གདུང་དྲུག་ལས་མཆེད་པའི་མི་རྒྱུད་རིམ་པར་འཕེལ་བ་ལས། སེ་ལས་བྱུས་ལེགས་བུ་བཞི་སྲིད།། རྨུ་ལ་ཀོད་ལེ་ཕྲ་བརྒྱད་སྲིད།། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད།།ཞེས་པ་ལྟར། སེ་ལས་བྱུས་ལེགས་བུ་བཞི་དང༌། རྨུ་ལས་ཀོད་ལེ་ཕྲ་བརྒྱད། ལྡོང་ལས་རུས་ཆེན་བཅོ་བརྒྱད། སྟོང་ལས་རྗེ་བཞི། ཁོལ་བརྒྱད་སོགས་སུ་གྱེས་པ་ནས། བོད་བཙན་པོ་གཉའ་ཁྲིས་དབང་བསྒྱུར་མ་བྱས་གོང་དུ་མངའ་མཛད་བཅུ་སོགས་ཀྱིས་དབང་བསྒྱུར་བྱས་པ་ཡིན་ཏེ། དང་པོ་གནོད་སྦྱིན་ནག་པོ། གཉིས་པ་རེ་ཏེ་མགོང་ཡག གསུམ་པ་སྲིན་པོ་གཉའ་རེངས་ཁྲག་མིག བཞི་པ་དམར་འཇམ་ལྷ། ལྔ་པ་རྨུ་རྒྱལ་ཁོ་རྗེ། དྲུག་པ་ཀྲོག་ཀྲོག་འདྲེ་ཏང་སྟེ། བདུན་པ་མ་སངས་སྤུན་དགུ། བརྒྱད་པ་ཀླུ། དགུ་པ་རྒྱལ་འགོང་ངམ་པོ་ཆེའམ་འགོངས་པོ་སྤུན་དགུ། བཅུ་པ་ཟ་རིད་སྐྱེས་དྲུག་སོགས་ཀྱིས་དབང་བསྒྱུར་བར་བཤད་དེ། དེ་དག་གི་ཁུངས་རྣམས་སྔོན་དུ་འགོད་ན།
ལྡེའུ་ཆོས་འབྱུང་རྒྱས་པ་ལས།
“དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ།།
ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས།།
ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང༌།།
གཉིས་པ་རེ་སྡེ་མགོ་གཡག་བདུད་ཀྱིས་བྱས།།
ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར།།
སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང༌།།
གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས།།
ཡུལ་གྱི་མིང་ཡང་ནག་པོ་དགུ་དུལ་ཟེར།།
ལག་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང༌།།
བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས།།
ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར།།
ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌།།
ལྔ་པ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར།།
ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌།།
དྲུག་པ་འདྲེས་དབང་ལང་ཏང་ལིང་ཏང་ཟེར།།
ལག་ཆར་རྒྱུག་པ་ཀྱོག་ཅན་དེ་ནས་བྱུང༌།།
བདུན་པ་མ་སངས་རུ་དགུས་དབང་བྱས་ཏེ།།
ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར།།
ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང༌།།
བརྒྱད་པ་ཀླུས་དབང་བྱས་བོད་ཁམས་གླིང་དགུར་བཏགས།།
དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ།།
ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས།།
བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ།།
ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར།།
བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད།།
ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས།།
ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས།།” ཞེས་བཤད།
ཆོས་འབྱུང་མཁས་པའི་དགའ་སྟོན་ལས།
དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།
ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།།
མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌།།
དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།།
མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས།།
སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌།།
དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས།།
ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར།།
སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང༌།།
བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ།།
ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌།།
ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུངས།།
ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན།།
དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།།
ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན།།
བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ།།
ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར།།
ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌།།
བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས།།
དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ།།
བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ།།
ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར།། ཞེས་དང༌།
རྒྱལ་པཱུའི་བཀའི་ཐང་ཡིག་ལས་ཀྱང༌།
བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།།
སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌།།
དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།
ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།།
སྔ་རྟགས་གཉེན་པོ་བཙན་པོ་དེ་ནས་བྱུང༌།།
དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ།།
མིང་ཡང་ལྷ་འདྲེ་གཉིས་ཀྱི་ཡུལ་དུ་བཏགས།།
སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང༌།།
དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།།
ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས།།
སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༌།།
དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།།
ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།།
སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌།། ཞེས་དང༌། གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། གཉིས་པ་ས་ཚིགས་དབུས་ནི་བོད་ཡུལ་ན་ཡོད་པས། གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ཡིན་པར་ཞི་ཁྲོ་རྩ་འགྲེལ་ལས་གསུངས་སོ།།
     དེ་ལ་འོ་སྐོར་བོད་ཀྱི་རྒྱལ་ཁམས་འདི་ཡང༌། དང་པོ་གནོད་སྦྱིན་གྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ནི། ཁ་རག་སྒོ་དགུ་བཏགས་སོ།། དེའི་དུས་སུ་བདུད་བོན་ཁ་སྟེ་འགྲིང་ཡུག་བྱུང་སྟེ། བདུད་ཀྱི་གོང་ན་གཤེན་གཉན་པ་ལགས། བདུད་རོ་རོང་རྩོལ་པ་ལ་སོགས་པས་བཀུར་བསྟི་བོན་ལ་བྱས་པ་ལགས། དེ་ནས་སྲིན་པོས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་སྲིན་ཡུལ་བྲག་ཚལ་གླིང་དགུ་བཏགས་སོ།། དེའི་དེ་སྲིན་བོན་བདུད་བོན་འདུལ་བོན་གཤེན་པོ་མུས་པའི་རྫི་ཕྱུར་བྱུང་བ་ལ། སྲིན་སྐྱ་རེངས་འཕྲག་མེད་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། སྲིན་གོང་ན་བོན་གཉན་པ་ལགས་སོ།། དེ་ནས་ཀླུས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་ཀླུ་ཡུལ་ན་ར་སིང་སྔོན་དུ་བཏགས་སོ།། དུས་དེར་ཀླུ་བོན་དབྱར་སྙན་གྱིམ་བུ་བྱུང་སྟེ། ཀླུ་གཙུག་ཕུད་དང་དུན་ཙེ་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། ཀླུའི་གོང་ན་གཤེན་རབ་གཉན་པ་ལགས་སོ།། དེ་ནས་མ་སངས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཀ་གཡག་དྲུག་ཏུ་བཏགས་སོ།། དེའི་དུས་སུ་གཉན་བོན་ཐོག་ལྷ་ཁྲོལ་བ་དང༌། གཉན་གསུམ་ཐོད་དེ་རྒྱལ་བ་ལ་སོགས་པ་བྱུང་ནས་མ་སངས་མཆེད་དྲུག་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། མ་སངས་ཀྱི་གོང་ན་གཤེན་རབ་གཉན་རབ་གཉན་པ་ལགས་སོ།། དེ་ནས་ཟ་རང་གི་བུ་བྱེད་སྐྱེས་དྲུག་གིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བྱེས་ཡུལ་དབྱེ་ཆེན་སྡེ་བརྒྱད་དུ་བཏགས་སོ།། དེའི་དུས་སུ་སྡེ་བོད་བྱེད་མཁས་བཙན་པ་བྱུང༌། སྐྱེས་སུ་རྩོལ་བོ་ལེགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། དེའི་གོང་ན་བོན་དང་གཤེན་གཉན་པ་ལགས་སོ།། དེ་ནས་སིལ་མ་བཅུ་གཉིས་ཀྱིས་དབང་གྱིས་བྱས་ཏེ། ཡུལ་གྱི་མིང་ཡང་ཧིས་པོ་ཁ་བརྒྱད་བྱ་བ་ལགས་སོ།། དེའི་དུས་སུ་བོན་ཐོད་དཀར་བྱུུང་སྟེ། རྒྱལ་གྱིས་བཀུར་བསྟི་བོན་ལ་བགྱིས་ཏེ། རྒྱལ་གོང་ན་བོན་དང་གཤེན་གཉན་པ་ལགས་སོ།། ཞེས་གསུང་སྟེ། གོང་གསལ་ཡིག་ཆ་དེ་དག་ལས་མངའ་མཛད་བཅུ་དང་དྲུག་གི་ཁྱད་ཙམ་ལས། བྱུང་ཚུལ་གྱི་གོ་རིམ་དང་སྐབས་དེ་དང་དེ་དག་ཏུ་མཚོན་ཆ་གང་ཞིག་སྤྱོད་པ་དང༌། ཡུལ་གྱི་མིང་ལ་གང་ཞིག་འདོགས་པ་སོགས་ཀྱང་ཕལ་ཆེར་མཐུན་པར་སྣང་ཤིང༌། བོད་ཀྱི་མི་རྒྱུད་རིམ་པར་བྱུང་བ་དེ་དག་གི་ཁྲོད་དུ་རྒྱལ་ཕྲན་བཅུ་གཉིས་དང༌། སིལ་མ་བཞི་བཅུ(འགའ་ཞིག་ཏུ་ཞེ་གཉིས་ཞེས་པའང་སྣང་)གྱེས་ཏེ། རུ་སྡེ་སོ་སོས་རང་འཚམས་ས་ཁུལ་བཅད་བཟུང་བྱས་ནས་ཕན་ཚུན་རྩྭ་ས་ཆུ་རྩོད་ཀྱིས་མཐར་འོ་ལྡེ་སྤུ་རྒྱལ་གྱིས་བོད་ཁམས་གཅིག་གྱུར་མ་བྱས་བར་དུ་རྒྱལ་ཕྲན་ཕན་ཚུན་འཁྲུག་ཅིང་རྩོད་པ་རྒྱུན་མར་བྱུང་བ་ཡིན་ཏེ། ལྡེའུ་ཆོས་འབྱུང་རྒྱས་པ་ལས། “དེ་ནས་གློ་བུར་རྒྱལ་པོའི་བྱོན་ལུགས་ནི།། མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།། མ་བྱོན་གོང་ནས་དབང་མཛད་བཅུ་གཉིས་རྣམས།། རིམ་པར་བྱུང་བས་ཕྱོགས་བཞིའི་དགྲ་མ་ཐུལ།། ཞེས་དང༌། ཏུན་ཧོང་ཡིག་ཆར༧། གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ་ཡུལ་ཆེའི་བདག་བྱེད་བྱེད་པ་ལས་རྒྱལ་པོ་བཙན་པ་དང་བློན་པོ་མཛངས་པ་དགུ་ཆེ་བ་རྣམས་ཀྱིས་གཅིག་ཤེས་གཅིག་བརླག་སྟེ་འབངས་སུ་བཀུག་ན། མཐར་འོ་སྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། མར་ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བཐུག་གོ། ཞེས་པ་འདིས་ཤེས་ནུས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།