中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། ལྷ་ལྡན་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས།
དུས་ཚོད།2019-04-17 09:37:42     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་པོ་དྲ་བ། རྡོ་སྦིས་ཚེ་རིང་རྡོ་རྗེས་བསྒྱུར།    ཆུང་། | འབྲིང་། | ཆེ།
  ལྷ་ལྡན་གཙུག་ལག་ཁང་འདི་ཉིད་སྤྱི་ལོའི་དུས་རབས་བདུན་པའི་དུས་མགོ་སྟེ་སྤྱི་ལོ་647ལོར། བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པ་ཡིན་པས། ད་བར་ཨ་ཆིག་སྟོང་བཞི་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་ཡོད།
     གཙུག་ལག་ཁང་འདིའི་ཨར་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ25100ལྷག་ཙམ་དང་། ས་ཆའི་ཡ་ཁྱོན་ལ་རྨིད་གྲུ་བཞི་མ13000ཙམ། གཙུག་ལག་ཁང་གི་ལྟེ་བར་ཐོག་ཚད་གསུམ་དང་། མཚམས་བཞིའི་ཟུར་ལྕོག་དང་། ཕྱོགས་བཞིའི་རྒྱ་ཕིབས་བཅས་ཁྱོན་ཐོག་ཚད་བཞི་ཡོད།
     གཙུག་ལག་ཁང་འདི་ཉིད་ཐོག་མར་བཞེངས་པའི་དགོས་པ་དང་རྒྱུ་མཚན་ནི། བོད་གངས་ཅན་ཡུལ་གྱི་སྐྱེ་བོ་ཀུན་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་ཆོས་རྒྱལ་མེད་དབོན་རྣམ་གསུམ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ་བར་བྱེད་པའི་ཐོག་མ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། གཙོ་བོ་བོད་གངས་ཅན་ཡུལ་དུ། ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དར་སྤེལ་དང་། ཡང་སྒོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་གྱི་ཤེས་རིག་སྙིང་བཅུད་གང་མང་བསྡུ་ལེན་བྱེད་པའི་རྟེན་གཞི་སྟེ། མདོར་ན་ལེགས་ཚོགས་མཐའ་ཡས་ཕྱོགས་གཅིག་ཏུ་བྱུར་བུར་སྤུང་ཐུབ་པའི་ཆེད་དུ་དམིགས་པར་ངེས་སོ། །
     ཆོས་རྒྱལ་སྲོང་བཙན་སྒམ་པོས། བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བཙུན་མོར་ཁབ་ཏུ་བཞེས་པ་དང་། ལྷག་པར་བཙུན་མོ་རྣམ་གཉིས་བརྒྱུད་སྲིད་འདིར་གཞལ་བར་དཀའ་བའི་རྒྱལ་བའི་སྐུ་བརྙན་ཇོ་བོ་རྣམ་གཉིས་དང་། དེ་མིན་བྱམས་པ་ཆོས་འཁོར་མ། ཙན་དན་གྱི་སྒྲོལ་མ། གཞན་ཡང་དམ་པའི་གསུང་རབ་དང་། གཙུག་ལག  སྨན་གཞུང་། སྐར་རྩིས་སོགས་མདོར་ན་སྐུ་གསུང་ཐུགས་རྟེན་ཁྱད་དུ་འཕགས་པ་དུ་མ་ནུས་བལ་ཡུལ་དང་། ཤར་ཁྲང་ཨན་སོགས་ཡུལ་གྲུ་ཁག་ནས་ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་འདྲེན་པ་ལྟར་བོད་གངས་ཅན་པའི་བསོད་ནམས་ཀྱི་བགོ་སྐལ་དུ་གདན་འདྲེན་ཞུས་རྗེས། གོང་གསལ་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་ཡུལ་གྱི་ལྷ་ཁང་སྟེ། ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ་གཙུག་ལག་ཁང་རྣམ་གཉིས་སྔ་རྗེས་སུ་བཞེངས་པར་མཛད་དོ། །
     སྤྱིར་བོད་ཡུལ་གྱི་དགོན་སྡེ་ལྷ་ཁང་དང་ཕོ་བྲང་གཙོ་བོར་གྱུར་པའི་ཁང་བཟང་ཕལ་མོ་ཆེའི་སྒོ་ལྷོ་ལ་ཕྱོགས་ཏེ་བཞེངས་གནང་བ་དེ་ནི་འཛམ་གླིང་ཡང་རྩེའི་དམིགས་བསལ་གྱི་གནམ་གཤིས་དང་ཐད་ཀར་འབྲེལ་བ་ཡོད་མོད། འོན་ཀྱང་ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ་གཙུག་ལག་ཁང་རྣམ་གཉིས་ནི་ཏག་ཏག་དེ་ལས་ལྡོག་སྟེ་གཅིག་གི་ཞལ་ནུབ་ལ་ཕྱོགས་པ་དང་། གཅིག་གི་ཞལ་ཤར་ལ་ཕྱོགས་པར་དམིགས་བསལ་གྱི་དགོས་པ་ཡོད་པ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོས། བལ་བཟའི་ལྷ་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེས་གཙོས་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་ཡུལ་ལ། ད་ལྟའི་ལྷ་ལྡན་གཙུག་ལག་ཁང་འདི་ཉིད་བཞེངས་གནང་བ་མ་ཟད། ལྷ་ཁང་གི་ཞལ་ཡང་ནུབ་བལ་ཡུལ་གྱི་ཕྱོགས་སུ་བསྟན་གནང་བ་དང་། རྒྱ་བཟའ་ཀོང་ཇོའི་ལྷ་སྐལ་ཇོ་བོ་ཤཱཀྱ་མུ་ནེས་གཙོས་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་ཡུལ་ལ། ད་ལྟའི་ར་མོ་ཆེ་གཙུག་ལག་ཁང་བཞེངས་གནང་བ་མ་ཟད། ལྷ་ཁང་གི་ཞལ་ཡང་ཤར་རྒྱ་ནག་ཁྲང་ཨན་གྱི་ཡུལ་ལ་ཕྱོགས་པ་བཅས་ཡིན་ནོ། །
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།