中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། སུམ་པ་རྒྱལ་པོའི་བྱུང་བ།
དུས་ཚོད།2019-04-19 17:23:21     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་རིགས་དྲ་བ། རྩོམ་པ་པོ། རྔུལ་ཆུའི་དཔའ་བོ།     ཆུང་། | འབྲིང་། | ཆེ།
གཅིག ཐོག་མར་ཇི་ལྟར་བྱུང་ཚུལ།
         དང་པོ་སུམ་པ་རྒྱལ་ཁབ་ཞེས་པ་འདི་ཇི་ལྟར་བྱུང་ཚུལ་ཤེས་པར་བྱེད་པའི་སྔོན་གྱི་ཆ་རྐྱེན་ནི་སུམ་པ་ཞེས་པའི་མིང་འདི་ཅི་ཡི་དོན་མཚོན་པ་དང་དུས་ནམ་ཞིག་ལ་བྱུང་བ་ཡིན་པ་ཤེས་དགོས། དེ་ལ་སུམ་པ་ཞེས་པ་འདི་ནི་རུས་མིང་ཡིན་པ་སྟེ། དེ་ཡང་བོད་ཀྱི་རུས་ཆེན་བཞིའམ་དྲུག་གི་ཡ་གྱལ་ཡིན་པ་སྟེ་དབྲ་དང་འབྲུ། ཞང་ཞུང་། སྟོང་སུམ་པ། ལྡོང་མི་ཉག་ཅེས་ཡོངས་སུ་གྲགས་པ་ཞེས་དང་། ⑵ནང་གི་རིགས་བཞི་ནི། སྟོང་དང་། ལྡོང་དང་། སྭེ་དང་། དམུ་རྣམས་ཏེ་བཞི་པོ་ལས་བོད་མི་ཕལ་ཆེ་བ་གྱེས་པར་བཤད་པས་འདི་རུས་ཀྱི་ཕྱི་མོའོ། ཞེས་དང་། ⑶བོད་ཀྱི་མི་བུ་རིགས་བཞི་ཞེས། སྭེ་དང་། དམུ་དང་ལྡོང་། སྟོང་གི་རིགས་བཞི་བྱུང་བར་གྲགས་ཤིང་། ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་ཏུའང་གྲག་གོ། ཞེས་དང་། ⑷རུས་ཆེན་བཞི་འདྲེན་ཚེ། སྟོང་དང་སྒ་གཉིས་གཅིག་ཏུ་བྱས་ཏེ་སྒ་ཞེས་འདྲེན་པ་དང་། སྭེ་དང་སྦྲ་གཉིས་ཡང་གཅིག་པར་གསུངས་པས་སྦྲ་ཞེས་འདྲེན་པ་ཡིན་ལ། དེ་ལྟར་བྱས་ཚེ་རུས་ཆེན་བཞི་ནི། སྒ་འབྲུ་སྦྲ་གདོང་བཞིའམ། སྒ་འབྲུ་སྦྲ་ལྡོང་བཞི་ཞེས་འདྲེན་པར་ཡིན་སྣང་ཞེས་སོ། འོ་ན་སུམ་པ་ཞེས་པའི་རུས་རྒྱུད་ཐོག་མ་དེ་དུས་ནམ་ཞིག་ལ་བྱུང་བ་ཡིན་ཟེར་ན་དེ་ནི་ལོ་རྒྱུས་འཕེལ་རིམ་གྱི་དབང་དུ་བྱེད་ན་བོད་ཡུལ་མི་ཡི་ཐོག་མ་སྤྲེལ་ཕྲུག་མིར་གྱུར་བ་བཞི་བརྒྱ་བྱུང་ནས་དེ་རྗེས་དེ་ལས་མང་དུ་སོང་སྐབས་ཟས་སམ་འབྲུ་ལ་མ་འཆམ་ནས་ཐོག་མར་ཚོ་བཞི་རུ་གྱུར་པ་སྟེ། སེ་དང་དམུ། ལྡོང་དང་སྟོང་བྱུང་བ་དང་མཉམ་དུ་སུམ་པའི་རུས་རྒྱུད་ཐོག་མ་དེ་བྱུང་བ་སྟེ། མགོ་ལོག་རུས་མཛོད་དུ་༈ཡུལ་སུམ་པ་ནས་འབྲི་རིགས་དང་ཞེས་པས་སོ།། དེ་རྗེས་བོད་ཡུལ་དུ་དབང་བྱེད་པའི་མ་སངས་སྤུན་དགུ་དང་། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུ་བཅས་བྱུང་བའི་སྐབས་སུམ་པ་ཡང་རྒྱལ་ཕྲན་དུ་གྱུར་ནས་རིམ་བཞིན་ཡོང་བ་ཤེས་ཏེ། བོན་གྱི་ཡིག་རྙིང་གཏོ་ཕུག་ཏུ་སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། །ཞེས་པས་སོ།། དེ་བཞིན་བོད་སྤུར་རྒྱལ་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་དེ་རྣམས་མངའ་འོག་ཏུ་བསྡུས་ཤིང་གཅིག་གྱུར་བྱེད་པའི་སྐབས་སུམ་པའི་རིགས་ལས་བྱུང་པའི་རྒྱལ་ཕྲན་ཞིག་ཡོད་པ་དངོས་སུ་ཤེས་ཏེ། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དུ་ངེས་པོ་ཕྲ་སུམ་ཞེས་པའི་རྒྱལ་ཕྲན་དེ།⑸རྗེ་ཁྲི་འཕྲང་སུམ་ཞེས་བྱ་བ་ལ་བློན་པོ་མགར་དང་གཉན་ཞེས་པས་བྱས་པ་དང་བདུན་ཞེས་རྒྱལ་ཕྲན་བདུན་པ་རུ་བགྲང་བ་དེ་དང་། ཡང་⑹སུམ་པའི་བོན་པོ་ཨ་ཡང་རྒྱལ་བ་བཏུལ་ལོ་ཞེས་བོད་ཀྱི་ལོ་རྒྱུས་མང་ཙམ་ནང་དུ་འཁོད་པ་མ་ཟད་ཚོད་དཔག་བྱེད་ན་སུམ་པའི་བོན་པོ་ཨ་ཡང་རྒྱལ་བ་འདི་རྒྱལ་ཕྲན་རྣམས་ལས་གྲགས་ཆེ་བ་དང་སྟོབས་ལྡན་ཞིག་མིན་ནམ་སྙམས། རྒྱུ་མཚན་ནི་བཙན་པོ་འདིས་རྒྱལ་ཕྲན་གཞན་རྣམས་དབང་དུ་བསྡུས་ཞེས་པ་ཙམ་ལས་རྒྱལ་ཕྲན་དེའི་མིང་དངོས་སུ་མ་སྨོས་ཀྱང་སུམ་པའི་བོན་པོ་འདིའི་མིང་དངོས་སུ་སྨོས་ནས་བཏུལ་རབས་བཤད་པས་སོ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།