中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། སྤུ་རྒྱལ་གྱི་དུས་རབས། སྤྱི་ལོའི་སྔོན་360-སྤྱི་ལོ་629བར།
དུས་ཚོད།2019-05-28 10:10:14     རྩོམ་གྱི་ཡོང་ཁུངས།ཧི་མ་ལའི་བོན། རྩོམ་པ་པོ། མཁས་དབང་ཐུབ་བསྟན་ཕུན་ཚོགས།    ཆུང་། | འབྲིང་། | ཆེ།
ས་བཅད་དང་པོ། སྤུ་རྒྱལ་ཐོག་མར་བྱུང་ཚུལ།
 
དེ་ལྟར་རྩོད་ལྡན་དུས་ཀྱི་ཡོ་ལང་ནང་དུ་བྲན་གཡོག་བདག་པོའི་བོད་ཀྱི་རྒྱལ་ཁབ་དེ་ཉིད་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྱེས། དེ་ཡང་ཡུལ་གྲུ་རྒྱ་ཆེ་བ་དང༌། གྲོང་སྡེ་ཁ་འཐོར་བའི་སྟབས་ཀྱིས་རིམ་བཞིན་ལུང་ཤོག་རེ་ལ་དཔོན་འགོ་རེ་ཆགས་ཏེ་རྒྱལ་ཕྲན་སིལ་མ་བཞི་བཅུའི་བར་དུ་སིལ་བུར་འཐོར་ཡོད་ནའང༌། གཤེན་རབ་མི་བོ་ཆེ་སྤུ་རངས་སུ་འཁྲུངས་ཏེ་སྐུ་ཉིད་ནར་སོན་པ་དང་རྒྱལ་ཕྲན་མང་པོ་ཞིག་གི་ཡུལ་དུ་ཕེབས་ཤིང་སྲས་མོ་རྣམས་ཁབ་ཏུ་བཞེས་ཏེ་གཉེན་གྱི་འབྲེལ་ལམ་བཙུགས་པ་དང༌། དུས་མཚུངས་སུ་བོན་དང་རིག་གནས་ཀྱི་སྐོར་མང་པོ་ཞིག་འཆད་སྤེལ་གནང་སྟེ་མཛའ་མཐུན་གྱི་འབྲེལ་ལམ་རྒྱ་ཡངས་པོར་བསྐྱེད་པའི་སྟབས་ཀྱིས། བོད་ཡུལ་ཀུན་ཏུ་བོན་གྱི་གཞུང་དང་རིག་གནས་ལ་དད་ཞེན་ཡོད་པ་དང༌། བྱ་བ་གང་ཞིག་སྒྲུབ་ཀྱང་ལས་འབྲས་བརྩི་སྲུང་བྱེད་ཅིང་ལྷ་འདྲེས་ཕན་གནོད་གཏོང་བ་ལ་ཡིད་ཆེས་ཆེན་པོར་བྱས་ཏེ་ལྷ་མཆོད་ཅིང་འདྲེ་བཀར་བའི་སྲོལ་དེ་ཐུན་མོང་ཅན་དུ་ཆགས། སྐབས་དེར་སྤུ་བོའི་ཡུལ་དུ་སྐྱེས་པའི་ཨུ་བེ་ར་བྱ་བའི་མི་ཞིག་བྱུང་བ་དེ། གཤིས་རྒྱུད་གྱོང་ལ་དཔའ་རྩལ་དང་སྙིང་སྟོབས་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཞིག་བྱུང་བ་དེ་ཉིད། ཡུལ་ཡར་ཀླུང་དུ་ཕེབས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། སྟོད་ཀྱི་མངའ་རིས་སྐོར་གསུམ་གྱི་རྒྱལ་ཕྲན་རྣམས་ཕུད་པའི་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྒྱུར་ཏེ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་སྙན་གྱི་ཅོད་པན་གསོལ་བ་ལ། བོད་དུ་རྒྱལ་པོའི་མཚན་ཅན་ཐོག་མར་བྱུང་བའི་རྒྱལ་རབས་དང་པོ་དེ་ཡིན། དེ་ནས་བཟུང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་ཞང་བོད་རྒྱལ་ཁབ་གཉིས་སུ་ཆགས། ཞང་ཞུང་ཞེས་པ་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་རྒྱལ་ཕྲན་སིལ་མ་བཞི་བཅུའི་ནང་ཚན་དུ། སྟོད་ཀྱི་མངའ་རིས་སྐོར་གསུམ་གྱི་ཡུལ་དུ་བྱུང་བའི་རྒྱལ་ཕྲན་ཞིག་ཡིན་ལ། གཉའ་ཁྲི་བཙན་པོས་བོད་ཡུལ་གྱི་རྒྱལ་ཕྲན་རྣམས་ལ་དབང་བསྒྱུར་ནས་རྒྱལ་པོ་བྱེད་པའི་དུས་སུ། ཞང་ཞུང་གི་རྒྱལ་ཕྲན་གྱིས་སྟོད་ཕྱོགས་དབང་དུ་བྱས་པས་བོད་དང་ཞང་ཞུང་ཞེས་པ་དེ་བྱུང༌། གཉའ་ཁྲི་བཙན་པོས་བོད་ཡུལ་གྱི་རྒྱལ་པོ་མ་བྱས་པའི་གོང་དེར། རྒྱལ་ཕྲན་སིལ་མ་བཞི་བཅུ་རུ་གྱེས་ཏེ། སྲིད་ཕྱོགས་ནས་བོད་ཡོངས་གཅིག་ཏུ་སྡུད་ཐུབ་པ་ཞིག་བྱུང་མེད་ནའང༌། བོན་དང་དེའི་རིག་གནས་ལ་བོད་མི་ཡོངས་ཀྱིས་དད་པ་དང་ཡིད་ཆེས་བྱེད་རྒྱུ་དེ། ཐུན་མོང་ཅན་གྱི་ཁ་ཕྱོགས་ཤིག་ཆགས་ཡོད་སྟབས། བོན་གྱི་གཞུང་དང་རིག་གནས་ཀྱི་འབྱུང་ཁུངས་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ཞང་ཞུང་འོལ་མོ་ལུང་རིང་གི་ཡུལ་འདི་སྙན་གྲགས་ཆེ་ཤོས་ཀྱི་ཡུལ་དབུས་ལྟ་བུ་ཞིག་ཏུ་རྩི་སྲོལ་བྱུང་ཡོད་པ་ནི། བོད་ཀྱི་ཡུལ་འདིར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་འབོད་སྲོལ་བྱུང་ཡོད་པ་འདི་ཡིས་ཤེས་ཐུབ། དེང་དུས་ཀྱང་གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་དེ་དག་གི་ནང་དུ། རྒྱལ་རབས་དང་བོན་རབས་སོགས་ཀྱི་ལོ་རྒྱུས་ཅུང་ཟད་གསལ་པོར་མཐོང་རྒྱུ་ཡོད་པ་ནི་ཞང་ཞུང་རྒྱལ་ཕྲན་གྱི་ལོ་རྒྱུས་དེ་ཁོ་ན་ཡིན་ལ། རྒྱལ་ཕྲན་གཞན་རྣམས་ནི་གཉའ་ཁྲི་བཙན་པོའི་མངའ་ཁོངས་ཀྱི་ཀློང་དུ་ཐིམ་རྗེས། ཡུལ་གྱི་མིང་དང་རྒྱལ་ཕྲན་གྱི་མཚན་ཙམ་ཞིག་ཏུང་ཧོང་གི་ཡིག་ཆ་དང༌《ཆོས་འབྱུང་མཁས་པའི་དགའ་སྟོན་》བཅས་ན་གསལ་བ་ལས་གཞན་པའི་ལོ་རྒྱུས་ཀྱི་སྐོར་རྣམས་མཐོང་རྒྱུ་མེད་པར་གྱུར་འདུག
 
གཅིག གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་སྐོར།
 
བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་བོད་རང་གི་གནའ་བོའི་ཆོས་ལུགས་རྙིང་པ་བོན་དང་རིག་གནས་སོགས་ཀྱི་ལོ་རྒྱུས་སྐོར་ཐམས་ཅད་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསུབ་རྐྱང་བྱེད་སྲོལ་བྱུང་ཡོད་ནའང༌། སྤུ་རྒྱལ་གདུང་རབས་རིམ་བྱོན་གྱི་རིགས་རུས་དེ་ཆོས་རྒྱལ་གོང་མ་རྣམས་ཀྱི་མེས་པོ་ཡིན་སྟབས། མཚན་ཙམ་དང་མཛད་རྗེས་རགས་རིམ་ཙམ་རེ་ཕྱིས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་སུ་བཀོད་ཡོད། ཡིན་ནའང་སྐབས་དེའི་བོད་མི་རྣམས་སངས་རྒྱས་ཆོས་ལུགས་ལ་དགའ་ཞེན་དང་དད་གུས་ཆེ་དྲགས་པའི་རྐྱེན་གྱིས་བོད་ཀྱི་རིག་གནས་མཐའ་དག་གི་ཁུངས་དེ་རྒྱ་གར་ལ་གཏུགས་ཅི་ཐུབ་བྱས་པར་མ་ཟད། བོད་མིའི་རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ཁུངས་ཀྱང་རྒྱ་གར་ལ་གཏུགས་རྒྱུའི་རེ་བ་བཅངས་ཏེ། རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་རྒྱ་གར་ཤཱཀྱའི་གདུང་རྒྱུད་ལས་བྱུང་ཚུལ་སོགས་བཤད་ཡམས་མི་འདྲ་བ་ཁ་ཤས་ཡོད་ཀྱང༌། དེ་ལ་སྔོན་བྱོན་གྱི་མཁས་པ་ཆེན་པོ་དཔའ་བོ་གཙུག་ལག་ཕྲེང་བ་དང༌། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་མཁས་པ་མི་ཉུང་བ་ཞིག་གིས་དཔྱད་གསུམ་ཚད་མའི་བདེན་དཔང་དང་བཅས་པའི་སྒོ་ནས་སུན་འབྱིན་མཛད་དེ། ལོ་རྒྱུས་དངོས་ཀྱི་རྣམ་པ་དེ་གསལ་བཤད་གནང་ཡོད་སྟབས། སླར་ཡང་དེ་ལ་དཔྱད་པ་སོགས་ཀྱི་སྤྲོས་པ་མང་པོ་དགོས་མེད་དུ་མཐོང་ནས། འདིར་ཁུངས་ལྡན་གྱི་ཡིག་རྙིང་དག་ན་གསལ་བ་བཞིན་ལོ་རྒྱུས་དངོས་ཀྱི་རྣམ་པ་དེ་ཅུང་ཟད་བཤད་པ་ལ། དེ་ཡང་སྤྱི་ལོའི་དུས་རབས་བཅུ་གཉིས་པར་བརྩམས་པའི་《མཁས་པ་ལྡེའུ ་ཆོས་འབྱུང་》ལས། “ཡུལ་སྤུ་བོའི་ཡུལ་ནས། སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་རང་མང་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བ་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་རང་སྐྱས་འདེབས་བྱས་ནས། བོད་དུ་བཤུག་པ་ལ། དེར་བོད་ཀྱི་མིས་རྗེ་འཚོལ་བ་དང་འཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་ཅི་ཡོད་བྱས་པས། ཁོ་ན་རེ། ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུག་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། རྗེ་འདི་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། འདི་ནི་རྗེའི་རྔན་ནམ་མཚང་ལགས་སོ། ” ཞེས་དང༌། ཡང་ལྕང་གླང་པ་རོལ་པའི་རྡོ་རྗེའི་མཛད་པའི་《ཡུམ་བུ་བླ་སྒང་གི་དཀར་ཆག་》ལས། “སྤུ་བོའི་ཡུལ་དུ། བྱ་མོ་བཙུན་བྱ་བའི་མངལ་ན་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་མཐའ་ཨུ་བེ་ར་བྱ་བ་བཞིན་གྱི་དཀྱིལ་འཁོར་ལེགས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བ་ཞིག་བྱུང་བ་དེ་ཡུལ་མི་ཀུན་གྱིས་འདྲེར་བརྩིས་ནས་ཡུལ་ཕུད་དེ་བོད་དུ་འོངས་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་ནས་ཁྱོད་སུ་ཡིན། གང་ནས་འོངས་དྲིས་པས། ང་སྤུ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ་བྱས་པས། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ། ང་ནུས་མཐུ་ཆེ་བས་ཡུལ་ནས་ཕུད་པ་ཡིན་ཟེར། འོ་ན་ཁྱོད་ཀྱིས་བོད་ཀྱི་རྒྱལ་པོ་བྱེད་དགོས་ཟེར་ནས་གཉའ་བར་ཁྲི་བཏེགས་ཏེ་རྒྱལ་པོར་བསྐོས་པས་མིང་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོར་བཏགས། ”ཞེས་སོགས་གསུངས་ཡོད་པ་དེ་དག་དོན་དུ་གཅིག་ཡིན་པར་སྣང་བ་དང༌། ལྡེའུའུ་ཇོ་སྲས་ཀྱིས་མཛད་པའི་《ལྡེའུ ་ཆོས་འབྱུང་》ལས། “ཡང་གསང་ནི་ཐེ་རང་མང་སྙ་ཨུ་བེ་ར་ལས་ཆད་པའམ་ཡུལ་སྤུ་ཡུལ་ནས་སྤུ་མི་མོ་བཙུན་གྱི་རུམ་ནས་བྱུང་བ་གཅིག་དང་རྒྱལ་པོ་གཉའ་ཁྲི་བཙན་པོར་མཚན་གསོལ་ནས་བོད་རྗེ་བྱས་པའི་ལོ་རྒྱུས་ཡོད་དོ། ”ཞེས་ཐེ་རང་མང་སྙ་ཨུ་བེ་ར་ཞེས་པ་ནི་གཉའ་ཁྲི་བཙན་པོའི་ཡབ་ཀྱི་རིགས་རུས་ཡིན་པར་བཤད་འདུག
འདིར་ཐེ་རང་ཞེས་པའི་ཐ་སྙད་ཡོད་པ་ཐམས་ཅད་འདྲེ་ཐེ་རང་གི་མིང་ཁོ་ན་ཡིན་པར་སེམས་པ་ནི་མི་འཐད་དེ། དཔེར་ན་དབུས་སུ་ལྷ་ཀླུ་ཞེས་པའི་ཁྱིམ་ཚང་དེའི་ནང་དུ་སྐྱེས་པའི་མི་དེ་ལྷ་དང་ཀླུའི་རིགས་སུ་གོ་བར་བྱས་ན་མི་འཐད་པ་དང༌། ཁམས་སུ་བྱ་རྒོད་ཅེས་པའི་ཁྱིམ་དུ་སྐྱེས་པའི་མི་དེ་བྱ་རྒོད་ཀྱི་ཕྲུ་གུ་ཡིན་པར་བཤད་ན་མི་འཐད་པ་བཞིན་དུ། འདི་ཡང་ཐེ་རང་མང་སྙ་ཞེས་པ་ནི་སྤུ་བོའི་ཡུལ་གྱི་ཁྱིམ་ཚང་ངམ་རིགས་རུས་ཤིག་གི་མིང་ཡིན་པར་ངེས། གཉའ་ཁྲི་བཙན་པོ་སྤུ་བོའི་ཡུལ་དུ་མི་ཚང་ཞིག་གི་ནང་དུ་བུ་སྤུན་དགུའི་ཐ་ཆུང་དུ་འཁྲུངས་ཤིང་མཐུ་རྩལ་ཆེ་དྲགས་པས་ཡུལ་མིས་ཕུད་ཅེས་པ་དང༌། བོད་རྣམས་རྗེ་བོ་འཚོལ་བ་དང་འཕྲད་པས་ཁྱོད་ཀྱིས་བོད་ཀྱི་རྗེ་བོ་བྱེད་ཨེ་ནུས་ཞེས་དྲིས་པ་སོགས་ཀྱི་ཚིག་དོན་ལ་དཔྱད་ན། གཉའ་ཁྲི་བཙན་པོ་ཐུགས་རྒྱུད་གྱོང་པོ་ཡོད་པ་དང༌། སྤུན་མཆེད་མང་སྟབས་ཡུལ་གྱི་དཔོན་པོའི་བརྙས་བཅོས་དང་བསྡིག་མོ་སོགས་ལ་མགོ་སྒུར་མ་འདོད་པར་ལོ་གྲངས་མང་པོ་ཞིག་གི་རིང་ལ་གྱེན་ལོག་དང་ངོ་རྒོལ་བྱས་ཀྱང༌། མཐར་དཔུང་ཤུགས་མང་ཉུང་གིས་བརྟན་མ་ཐུབ་པར་ཡུལ་དེར་སྡོད་པའི་ཐབས་ཟད་དེ། བོད་ཡུལ་དབུས་ཀྱི་ཕྱོགས་སུ་ཡུལ་བུད་ནས་འོངས་པ་དང༌། ལམ་བར་དུ་བོད་ཡུལ་དབུས་ཀྱི་རྒྱལ་ཕྲན་དག་གི་མནར་གཅོད་འོག་ནས་བྲོས་བྱོལ་བྱུང་བའི་རང་གི་མགོན་དང་དཔུང་རོགས་འཚོལ་བཞིན་ཡོད་པའི་བོད་མི་ཚོ་ཁག་ཅིག་དང་འཕྲད་ནས། དེ་དག་དང་ལྷན་དུ་དཔུང་བསྡེབས་ཏེ་ཡུལ་ཡར་ཀླུང་དུ་ཕེབས། ཐོག་མར་ཡར་ཀླུང་ཕྱོགས་ཀྱི་རྒྱལ་ཕྲན་དེ་དབང་དུ་བསྡུས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་མངའ་ཐང་རིམ་བཞིན་རྒྱ་བསྐྱེད་དེ་མཐར་དྭགས་ཀོང་སོགས་བོད་ཡུལ་གྱི་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྡུས་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་གི་རྣམ་པ་འདི་རེད། དེ་ལྟར་མིན་ན་གཉའ་ཁྲི་བཙན་པོ་སྤུ་བོ་ནས་བོད་དུ་ཡོང་བའི་ལམ་བར་དུ། བོད་མི་ཚོས་ཕྱུགས་རྫིས་བོར་སོང་བའི་ནོར་ཕྱུགས་བཙལ་བ་བཞིན་དུ་རང་དགར་རི་ལ་འཛེགས་ཏེ་རང་གི་མགོན་དང་དཔུང་གཉེན་ལ་འོས་པའི་རྒྱལ་པོ་ཞིག་བཙལ་བ་དང་འཕྲད་པར་མིན་པ་ནི་ཤེས་སླ། གཞན་ཡང་འདིའི་སྐོར་གྱི་དཔྱད་པ་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “བཤད་ཚུལ་འདི་ལྟར་ན་གཉའ་ཁྲི་བཙན་པོ་འཁྲུངས་པའི་ས་ཆ་ནི་བོད་ལྗོངས་སྤུ་བོའི་ཡུལ་ཏེ། ད་ལྟ་ཉིང་ཁྲི་ས་ཁུལ་ཁོངས་སྤོ་མེས་རྫོང་ཡིན་པ་དང༌། ཁོང་གི་ཡུམ་ནི་སྤོ་ཡུལ་གྱི་བུད་མེད་མོ་བཙུན་བྱ་བ་དེ་ཡིན་པའི་བུ་སྤུན་དགུའི་ཐ་ཆུང་ཡིན། ཕ་ཡུལ་དང་བྲལ་ནས་བོད་ཀྱི་དབུས་སུ་འབྱོན་དགོས་པའི་རྒྱུ་རྐྱེན་ཡང་ཁོང་ཐུགས་རྒྱུད་གྱོང་ལ་རྩལ་སྟོབས་ཆེ་བས་ཡུལ་དེའི་འགོ་པའི་བརྙས་དམོད་དང་བསྡམས་ཁྲིམས་སོགས་ཁུར་མ་འདོད་པས་ཡུལ་མི་ཚོས་་ཕྱིར་ཕུད་བྱས་ཚུལ་རྣམས་སྐབས་དེའི་སྤྱི་ཚོགས་འཕེལ་རིམ་དང༌། ས་ཡུལ་གྱི་ཆགས་བབ་སོགས་ཡུལ་དུས་ཀྱི་ལོ་རྒྱུས་དངོས་བབ་ཆགས་པ་ཞིག་ཡིན་པར་མ་ཟད། ལྷག་པར་《ལྡེའུ ་ཆོས་འབྱུང་》ནང་བོན་གྱི་འདོད་ཚུལ་དྲངས་ཏེ་གཉའ་ཁྲི་བཙན་པོའི་གཤེགས་ཉི་ཤུ་རྩ་བདུན་ཞེས་པའི་ནང་གི་ས་མིང་དཔེར་ན་གཡུ་ཡུལ་གཡམ་ཁང་དུ་གཤེགས། དེ་ནས་བླ་འབྲུམ་གྱང་མདོར་གཤེགས། དེ་ནས་དྭགས་ཡོན་མཁར་དུ་གཤེགས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས། དེ་ནས་དྭགས་ཡུལ་ཤིང་ནགས་ཏུ་གཤེགས། དེ་ནས་ལྷ་ལུང་སྟག་པར་གཤེགས། དེ་ནས་ཡར་ཁྱིམ་སོགས་ཀར་གཤེགས། དེ་ནས་བཙན་ཐང་སྒོ་བཞིར་གཤེགས་ཞེས་པ་སོགས་ས་མིང་མང་པོ་ཞིག་ད་ལྟའང་ངོས་འཛིན་རྒྱུ་ཡོད་པར་མ་ཟད། གོ་རིམ་ཡང་སྤོ་ཡུལ་ནས་ཀོང་པོ་དང༌། དེ་ནས་དྭགས་པོ་བརྒྱུད་ཡར་ལུང་དུ་ཕེབས་པ་གསལ་པོ་མཚོན་གྱིན་ཡོད། ལྷག་པར་དུ་བླ་འབྲུམ་གྱང་མདོ་ཞེས་པ་ནི་ཡིག་ཚང་དུ་མའི་ནང་གཉའ་ཁྲི་བཙན་པོ་ཐོག་མར་ལྷ་རི་གྱང་དོར་ཕེབས་ཚུལ་འཁོད་པ་དེ་སྣང་ཞིང༌། ལྷ་རི་གྱང་དོ་ནི་ཀོང་པོ་ཉིང་ཁྲི་རྫོང་ཁོངས་སྟག་རྩེ་ཆུས་ཀྱི་ན་ངུ་གྲོང་ཚོའི་འགྲམ་དུ་ཡོད་པའི་དུས་ཕྱིས་བོན་རིར་གྲགས་པ་སྟོན་པ་གཤེན་རབ་ཀྱི་གནས་རི་དེ་ཡིན་པ་དང༌། ང་ལ་གཡའ་མ་གོང་ཞེས་པ་ནི་ལྕང་གླང་པས་བྱང་ལམ་གཡའ་ལེ་གོང་གསུངས་པ་དང་དོན་གཅིག་ཡིན་ལ། དེ་ནི་དྭགས་པོ་སྐྱེམ་སྟོང་ནས་སྣང་རྫོང་དུ་ཡོང་བའི་ལམ་བར་ན་ཡོད་པའི་དེང་སང་ཡང་ཀོང་པོ་ང་ལ་ཞེས་ཡོངས་སུ་གྲགས་པའི་ལ་ཆེན་དེ་ཡིན། ཡར་ཁྱིམ་སོག་ཀར་ནི། ཡར་ཀླུང་སོག་ཁ་ཞེས་པ་ས་དབྱིབས་སོག་པའི་གཟུགས་ལྟར་ལ་བཤད་པ་ཡིག་ཚང་གཞན་དུའང་གསལ་ཞིང༌། མཐར་ཡར་ཀླུང་གི་བཙན་ཐང་སྒོ་བཞིར་ཕེབས་པ་སོགས་ངེས་པ་རྙེད་པའི་ར་འཕྲོད་ཐུབ་པ་དང༌། དུས་མཚུངས་གཉའ་ཁྲི་བཙན་པོ་དང་ཁོང་གི་གདུང་རྒྱུད་ལ་སྤུ་རྒྱལ་ཞེས་པའི་མཚན་ཐོགས་དོན་ཐད་བཤད་ཚུལ་དུ་མ་ཡོད་ཀྱང༌། སྤུ་བོའི་ཡུལ་ནས་བྱོན་པའི་རྒྱལ་པོ་དེ་ལ་མཚན་སྤུ་རྒྱལ་ཞེས་ཐོགས་པ་ལོ་རྒྱུས་བྱུང་བ་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱུང་བ་བཅས་མདོར་ན་གཉའ་ཁྲི་བཙན་པོ་ནི་ལྷ་དང་ཐེ་རང་མ་ཡིན་ལ། རྒྱ་གར་དང་རྒྱ་ནག་གི་མི་ཡང་མ་ཡིན་པར་བོད་རང་གི་མི་ཞིག་ཡིན་ནོ། ” ཞེས་སོགས་བྲིས་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ལ་རེག་པའི་དཔྱད་གཏམ་མོ། །
ང་ཚོའི་བོད་ཀྱི་རྒྱལ་རབས་འཆད་པའི་སྐབས་སུ་གཉའ་ཁྲི་བཙན་པོ་གནམ་ནས་བབས་པ་དང༌། ལྷ་ལས་ཆད་པར་བཤད་པ། སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་སྟབས་དབུ་ཡི་སྟེང་དུ་འོད་དཔག་མེད་པའི་དབུ་ཞིག་ཡོད་པ་སོགས་འཇིག་རྟེན་མི་ལུགས་ལས་འདས་པའི་བཤད་སྲོལ་བྱུང་ཡོད་པ་འདི་དག་ལ་ཡ་མཚན་སྐྱེས་དགོས་པའི་རྒྱུ་མཚན་གང་ཡང་མེད་དེ། བཤད་སྲོལ་འདི་རིགས་ནི་གནའ་བོའི་རྒྱལ་པོ་དང་མི་ཆེན་རྣམས་ཀྱིས་གཞན་ལ་དབང་བསྒྱུར་བྱེད་པའི་ཆེད་དུ་རང་གི་ཆེ་བ་བརྗོད་པའི་ཆེད་དུ་རང་ཉིད་ལྷའི་སྤྲུལ་པ་མི་ཡུལ་དུ་ཡོང་བ་ཡིན་ཚུལ་དྲིལ་བསྒྲགས་བྱེད་རྒྱུ་དེ། དུས་རབས་དང་བསྟུན་པའི་དབང་བསྒྱུར་བྱེད་སྤྱད་ཀྱི་ཐབས་ཤེས་ཉག་ཅིག་ཡིན་སྟབས། བོད་ཡུལ་གཅིག་པུ་ཙམ་མ་ཡིན་པར་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཡུལ་དུའང་དེ་ལྟར་དུ་བྱུང་ཡོད་པ་ནི་དཔེར་ན། ཨེ་ལྗེབ་ཕུ་ཐིའི་རྒྱལ་པོ་ཧྥ་ལའོ་ཟེར་བ་དེས་རང་ཉིད་ལྷའི་བུ་རྒྱུད་ཡིན་ཟེར་བ་དང༌། པ་པིས་ལུན་རྒྱལ་པོ་ཧན་རྨོ་ལ་སྦིས་ཟེར་བ་དེས་མི་དམངས་ལ་དབང་བསྒྱུར་བྱེད་པའི་ཁྲིམས་ཡིག་གཅིག་བརྩམས་ཡོད་པ་དེ་ཉི་མའི་ལྷས་གནང་བྱུང་ཟེར་བ། རྒྱ་ནག་ཏུ་ཧྲང་རྒྱལ་རབས་ཀྱི་དུས་སུ་རྒྱལ་པོ་ནི་ལྷའི་སྲས་པོ་ཡིན་ཚུལ་གྱི་བཤད་སྲོལ་བྱུང་ཡོད་པ་ལྟར་རོ། །
 
གཉིས། གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་ཀྱི་སྐོར།
 
རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་ཀྱི་སྐོར་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་བྱུང་ཡོད་པ་དེ་དག་ལས། 《བསྟན་རྩིས་ཀུན་བཏུས་》ཀྱི་རེ་མིག་ཏུ་བཀོད་པའི་སུམ་པ་མཁན་པོའི་བཞེད་པ་དེ་ལོ་རྒྱུས་ཀྱི་དུས་རབས་དང་མཐུན་སྣང་ཆེ་ཤོས་སུ་མཐོང་སྟེ དེ་ནི་སྤྱི་ལོའི་སྔོན་གྱི་417པའི་ཤིང་བྱི་ལོར་ཡིན་ཞིང༌། བཀའ་ཆེམས་ཀ་ཁོལ་མ་སོགས་བོད་ཀྱི་ཡིག་ཚང་རྙིང་པ་དག་ལས། རྒྱལ་པོ་གཉའ་ཁྲི་བཙན་པོའི་རིགས་རྒྱུད་ཀྱི་ཁུངས་དེ་རྒྱ་གར་ལ་གཏུགས་ནས་བཤད་པའི་སྐབས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གདུང་རྒྱུད་ཡིན་པར་འདོད་པ་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གདུང་རྒྱུད་ཡིན་པར་འདོད་པ་དང༌། བོད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་གདུང་རྒྱུད་ཡིན་པར་འདོད་པ་དང༌། གཏུམ་པོ་རབ་སྣང་གི་བུ་ཤར་པའི་གདུང་རྒྱུད་ཡིན་པར་འདོད་པ་བཅས་གདུང་རྒྱུད་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་བྱུང་འདུག་ཀྱང༌། རྒྱལ་པོ་དེ་དག་གི་རྗེས་སུ་གདུང་རབས་བཞི་པ་ཙམ་ཞིག་ན་རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་ནི་ཕལ་ཆེར་བཞེད་པ་གཅིག་མཐུན་དུ་བྱུང་ཡོད་དེ། དཔེར་ན་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》 ལས། “ལ་ལ་ན་རེ། འདི་ནི་རྒྱ་གར་ཡུལ་བདུན་ནས་ཆད་དེ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ། དེའི་བུ་གཞོན་ནུ་འཆར་བྱེད། དེའི་བུ་སྟོབས་མཆོག་དང་སྟོབས་ཆུང་ངོ༌། ། སྟོབས་ཆུང་ལ་སྲས་ལྔ་ཡོད་པའི་ལྔ་ཚིགས་མཚན་དང་ལྡན་པ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཁན་པོས་མཚན་འཁྲུལ་ཏེ་འདི་མཆེད་པ་ངན་པས་སྤྱུགས་ན་བཟང་ཟེར་ནས་གཡོག་བདུན་དང་བཅས་སྤྱུགས་པ་ཡིན་ཟེར་ཏེ་དེ་ཡང་མ་ཡིན། ” ཞེས་གཞན་ལུགས་དགག་པའི་ནང་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ནས་བརྩིས་པའི་མི་རབས་ལྔ་པའི་སྐབས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་གསལ་བ་དང༌། ཡང་རང་ལུགས་བཞག་པའི་སྐབས་སུ། “འོ་ན་གང་ལྟར་ཡིན་ཞེ་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། འདི་ནི་རྒྱ་གར་གྱི་བོད་ས་ལའི་རྒྱལ་པོ་འཆར་བྱེད་ལ། སྲས་རྒྱལ་པོ་ཤར་པའོ། ། དེ་ལ་སྲས་གཉིས་བྱུང་བའི་ནུ་བོའི་རྒྱུད་ལ། བཙུན་མོ་དམ་པ་ལ་སྲས་ཤིག་བཙས་ཏེ། ཕུ་བོ་མིག་བྱ་མིག་ལྟར་མས་ཀྱིས་ཡར་འགེབས་པ། དཔྲལ་བའི་དབྱེས་ཆེ་བ། གཡུ་ཡི་སྨིན་མ་ཡོད་པ་”སོགས་གཉའ་ཁྲི་བཙན་པོ་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པའི་སྐབས་དེ་ལའང་རྒྱལ་པོ་འཆར་བྱེད་ནས་བརྩིས་པའི་མི་རབས་ལྔ་པ་དེའི་སྐབས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་གསལ་བ་སྟེ། དང་པོ་དེ་རྒྱལ་པོ་འཆར་བྱེད་དང༌། གཉིས་པ་འཆར་བྱེད་ཀྱི་སྲས་ཤར་པ་དང༌། གསུམ་པ་ཤར་པ་ལ་བྱུང་བའི་སྲས་གཉིས་དང༌། བཞི་པ་སྲས་དེ་གཉིས་ལས་ནུ་བོ་བྱུང་བའི་རྒྱུད་པའམ་སྲས་དང༌། ལྔ་པ་ནུ་བོའི་སྲས་དང་བཙུན་མོ་དམ་པ་གཉིས་ལ་སྲས་ཤིག་བཙས་པ་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིན་པར་གསུངས། དེ་ལྟར་རྒྱལ་པོ་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རྒྱལ་རྒྱུད་ལས་བྱུང་བའི་བཤད་སྲོལ་དེ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་དང་ཆེ་བསྟོད་ཐལ་དྲགས་པ་ཙམ་ལས་རྒྱུ་མཚན་གཞན་མེད་ནའང༌། དོན་དེས་གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་ནི་སྐབས་དེ་ཡིན་པ་གསལ་བཤད་བྱེད་ཐུབ་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་ལས་དེ་ལྟར་དུ་གསལ་བའི་ཕྱིར་དང༌། སྔོན་གྱི་མཁས་པ་ཚོས་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་ཁུངས་དེ་རྒྱ་གར་ལ་བཅོལ་བའི་སྐབས་སུ་དེ་དང་དུས་རབས་མཚུངས་པའི་རྒྱ་གར་གྱི་རྒྱལ་པོ་ཞིག་ལ་གཏུགས་ཡོད་པ་ནི་སྨོས་མ་དགོས། འཆར་བྱེད་དང་གཟུགས་ཅན་སྙིང་པོ་ལ་སོགས་པའི་རྒྱལ་པོ་དེ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དང་དུས་མཉམ་ཡིན་པ་རྒྱ་གར་གྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི་625པའི་མེ་སྤྲེལ་ལོར་སྐུ་བལྟམས། 545པའི་མེ་འབྲུག་ལོར་མྱ་ངན་ལས་འདས། དེའི་ཕྱི་ལོ་544པའི་མེ་སྦྲུལ་ལོར་སྟོན་པའི་འདས་ལོ་རྩི་བའི་འགོ་ཚུགས་ཡོད་པ་ནི་དེང་དུས་འཇིག་རྟེན་འདིར་ཡོངས་སུ་གྲགས་ལ། སངས་རྒྱས་མྱ་ངན་ལས་འདས་ནས་མི་རབས་ལྔ་དྲུག་ཙམ་ཞིག་གི་རྗེས་སུ་གཉའ་ཁྲི་བཙན་པོ་འཁྲུངས་པ་གསལ་བ་དང༌། སུམ་པ་མཁན་པོས་བཞེད་པའི་གཉའ་ཁྲིའི་འཁྲུངས་ལོ་གཉིས་ཕལ་ཆེར་གཅིག་མཐུན་དུ་བྱུང་འདུག རིགས་པས་བརྟགས་ནའང་འགྲུབ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་རྒྱལ་རབས་བཅུའི་རིང་ལ་ཁྱོན་བསྡོམས་ལོ་གྲངས་224ཟིན་ཡོད་པ་དེ་ཆ་སྙོམས་བྱས་ན་རྒྱལ་རབས་རེ་ལ་ལོ་གྲངས་22རེ་ཐོབ་འདུག དུས་རབས་འདི་དག་གི་རིང་ལ་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཐམས་ཅད་གཅིག་གྱུར་བྱས་པར་མ་ཟད། ཉེ་འཁོར་གྱི་རྒྱ་དཀར་ནག་དང༌། བལ་པོ། འཇང་ཡུལ་ལ་སོགས་པའི་ཡུལ་དུ་དམག་དྲངས་ཏེ་ས་རྒྱ་བསྐྱེད་པ་དང༌། བོད་ནང་དུའང་ཆོས་བོན་གྱི་གྲུབ་མཐའ་གཉིས་པོ་མ་མཐུན་པའི་རྐྱེན་གྱིས་དུས་ཟིང་དང་འཁྲུག་པ་མང་པོའི་ནང་བཙན་པོ་རྣམས་ཀྱི་སྐུ་ཚེ་མཐར་མ་ཕྱིན་པ་ལྐོག་མདའ་ཕོག་ནས་འདས་པ་དང༌། འགའ་ཞིག་དགུང་ལོ་གཞོན་ནུའི་དུས་སུ་དམག་འཁྲུག་གི་ནང་དུ་སྐུ་གཤེགས་པའི་ལོ་རྒྱུས་ཡོད་པ་འདི་དག་ལ་གཞིགས་ན། སྲོང་བཙན་གོང་གི་རྒྱལ་རབས་དེ་དག་སྐུ་ཚེའི་ཡུན་ཚད་དེ་ཆོས་ལྡན་རྒྱལ་རབས་རྣམས་ལས་ཅུང་ཟད་རིང་དགོས་པ་དོན་གྱིས་གྲུབ། སྤུ་རྒྱལ་བཙན་པོའི་རྒྱལ་རབས་རྣམས་ཀྱི་དུས་སུ་སྤྱིར་བཏང་ཟིང་འཁྲུག་ཅུང་ཟད་རེ་བྱུང་ཡོད་པ་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་ཀྱང༌། འདི་ལྟ་བུའི་དམག་འཁྲུག་གི་ཡོ་ལང་ཆེན་པོ་དང༌། ལྷག་པར་དུ་གྲུབ་མཐའ་ནང་མི་མཐུན་པའི་འགལ་རྐྱེན་དེ་འདྲ་མེད་སྟབས། རྒྱལ་པོ་རྣམས་ཀྱི་དབང་སྒྱུར་བྱེད་པའི་དུས་ཡུན་དེ་ཆོས་ལྡན་རྒྱལ་རབས་ཀྱི་རྒྱལ་པོ་རྣམས་ལས་རིང་དགོས་པ་རང་ཤུགས་ཀྱིས་གྲུབ། བསྟན་རྩིས་ཀུན་བཏུས་སུ་བཀོད་པའི་སུམ་པའི་ལུགས་ནི་སྤྱི་ལོའི་སྔོན་གྱི་417པའི་ཤིང་བྱི་དེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་ལ། དེ་ནས་སྤྱི་ལོ་629པའི་ས་གླང་སྟེ་གནམ་རི་སྲོང་བཙན་གྱི་འདས་ལོའི་བར་ལོ་ངོ་སྟོང་ཕྲག་གཅིག་དང་ཞེ་དྲུག་ཟིན་ཡོད་པ་དེ་ཆ་སྙོམས་བྱས་ན་རྒྱལ་རབས་རེ་ལ་ལོ་གྲངས་སོ་གཉིས་རེ་ཐོབ་འདུག་པས་འདི་ཡང་དོན་ལ་གནས་པ་ཞིག་རེད།
དེས་ན་རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་སྤྱི་ལོའི་སྔོན་གྱི་417པའི་ཤིང་བྱི་ལོར། སྤུ་བོའི་ཡུལ་དུ་ཡབ་ཐེ་རང་མང་སྙ་ཨུ་བེ་ར་དང༌། ཡུམ་མོ་བཙུན་བྱ་བ་གཉིས་ལ་སྲས་དགུ་བྱུང་བའི་ཆུང་མཐའ་རུ་སྐྱེས། སྐུ་ནར་སོན་པ་དང་ཐུགས་རྒྱུད་གྱོང་ཞིང་སྟོབས་རྩལ་ཆེ་སྟབས་ཡུལ་གྱི་དཔོན་པོའི་བརྙས་བཅོས་དང་བཀའ་ཁྲིམས་མ་ཁུར་པར་འཐབ་ཡ་བཟུང༌། ཡུལ་དཔོན་དང་ཐེ་རང་མང་སྙ་ཚང་གཉིས་ཀྱི་བར་ལ་འགལ་བ་ཇེ་ཆེར་ཕྱིན་ཏེ་མཐར་མང་སྣ་ཉུང་གིས་མ་བརྟན་པར་སྤུ་བོ་ནས་ཡུལ་བུད་དེ་བོད་ཡུལ་དུ་ཕྱིན། བོད་མི་ཁག་གཅིག་དང་དཔུང་བསྡོངས་བྱས་ནས་བོད་ཡུལ་གྱི་རྒྱལ་ཕྲན་དེ་ཉིད་དབང་དུ་བསྡུས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་དེ་དྭགས་ཀོང་སོགས་དང་སྔར་རང་གི་ཡུལ་སྤུ་བོ་བཅས་དབང་དུ་བྱས། མཐར་སུམ་པ་དང༌། སྣུབས་རྗེ་སོགས་ཀྱང་དབང་དུ་བསྡུས་ནས་བོད་ཀྱི་རྒྱལ་པོ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་གསོལ། སྐུ་གཤེན་(སྐུ་གཤེན་ཞེས་པ་དེ་དེང་དུས་ཀྱི་བླ་སྨན་པ་དང་དབུ་བླ་ཅེས་པ་དོན་གཅིག་ཡིན་ཞིང་འདི་བླ་མ་དང་སྨན་པ་གཅིག་ལྕོགས་ཡིན། )ནམ་སྐུ་སྲུང་དུ་བོན་པོ་མཚེ་མི་སྨུ་རྒྱལ་དང༌། ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། བོད་དུ་དབང་བསྒྱུར་བྱེད་པའི་དཔོན་པོ་ལ་རྒྱལ་པོ་ཞེས་པའི་མཚན་གསོལ་བའི་སྲོལ་ཐོག་མར་བྱུང༌། ལྡེའུ ་ཇོ་སྲས་ཀྱིས་མཛད་པའི་ 《ལྡེའུ ་ཆོས་འབྱུང་》དུ་གསལ་བ་ལྟར་ན། སྐུ་མཁར་ཕྱིང་བ་སྟག་རྩེར་ཕེབས་ནས་ལས་ཚན་གྱི་སྒྲིག་གཞི་དང༌། རྒྱལ་སྲིད་སྐྱོང་ཚུལ་གྱི་ཁྲིམས་ཡིག་གཏན་ལ་ཕབ། ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམས་བརྒྱད་ཀྱི་བཀའ་རིམ་པར་གནང་སྟེ་མཐའ་སྐོར་གྱི་རྒྱལ་ཁབ་རྣམས་ལས་ཀྱང་དཔྱ་བསྡུས། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་ནས་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་ཡབ་གནམ་དུ་གཤེགས་སོ། དེ་ལྟར་རྒྱལ་པོའི་མཚན་བཞེས་པ་དང༌། ཁབ་བཞེས་ཏེ་སྲས་འཁྲུངས་པ་དང༌། ལས་ཚན་དང་ཁྲིམས་ཡིག་གཏན་ལ་ཕབ་པ་རྣམས་ནི་རྒྱལ་པོའི་སྐུ་ཚེ་སྨད་ཙམ་ལ་ཡིན་པར་ངེས་ཏེ། དང་པོ་སྤུ་བོའི་ཡུལ་དུ་ཡུལ་དཔོན་དང་མ་མཐུན་པར་འཐབ་རྩོད་བྱས་པ་དང༌། དེ་ནས་བོད་དུ་ཡོང་ནས་བོད་ཡུལ་དབང་དུ་བྱས་པ་སོགས་ཀྱི་དུས་ཡུན་ལ་ལོ་གྲངས་མང་པོ་ཞིག་དགོས་པ་སྨོས་མ་དགོས་པ་དང༌། ལྷག་པར་དུ་སྲས་ཀྱི་ཆིབས་ཁ་ཐུབ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་པ་ལ་བརྟགས་ན། བོད་སྤྱི་ལ་དབང་བའི་རྒྱལ་པོའི་མཚན་སྙན་བཞེས་རྗེས་སུ་སླར་ཡང་མུ་མཚོ་བཟའ་ཁབ་ཏུ་བཞེས་ཏེ་སྲས་མུ་ཁྲི་བཙན་པོ་འཁྲུངས་ཡོད་པ་ཤེས་ཐུབ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་སྒྱུར་གྱི་དཔྱད་གཞིའི་ཡིག་ཚང་ནང་དུ། གཉའ་ཁྲི་བཙན་པོ་ཧ་ལམ་སྤྱི་ལོའི་སྔོན་གྱི་360ལོར་བོད་ཀྱི་རྒྱལ་པོའི་ཁྲིར་འཁོད་ཚུལ་བྲིས་འདུག་པ་དེ་ཡང་དོན་འདི་དང་མཐུན་པ་ཞིག་རེད། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།