中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། བོད་ཀྱི་པར་ཁང་གྲགས་ཅན་བདུན།
དུས་ཚོད།2016-06-29 11:32:09     རྩོམ་གྱི་ཡོང་ཁུངས། བོད་ཡིག་སྨྱན་སྦྱོར།    ཆུང་། | འབྲིང་། | ཆེ།
སྣར་ཐང་པར་ཁང་།



                                                             

   སྣར་ཐང་དགོན་པ་ནི་གཞིས་ཀ་རྩེ་ནས་སྤྱི་ལེ་༡༥ཙམ་གྱིས་ཆོད་པའི་ས་རུ་ཆགས་ཤིང་། བཀའ་གདམས་པའི་མཁས་དབང་གཏུམ་སྟོན་བློ་གྲོས་གྲགས་པ་མཆོག་གིས་སྤྱི་ལོ་༡༡༥༣ལོར་ཕྱག་བཏབ་ཅིང་རྗེས་སུ་རིམ་གྱིས་སྣར་ཐང་དགོན་སྡེའི་མ་ལག་ཏུ་ཆགས། སྙན་པའི་གྲགས་པ་འབར་པའི་སྣར་ཐང་པར་ཁང་འདི་ཉིད་སྣར་ཐང་དགོན་དུ་ཡོད་ཅིང་། དེ་ནི་བོད་ཀྱི་པར་ཁང་ཆེས་སྔ་ཤོས་ཡིན། ཆིང་རབས་ཀྱི་གོང་མ་ཁང་ཞི་ཡི་དུས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་དངོས་ནས་བཀའ་བཀོད་གནང་སྟེ་སྣར་ཐང་པར་ཁང་ནས་བཀའ་འགྱུར་གྱི་དཔར་བཞེངས། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྲིད་སྐྱོང་བའི་དུས་ཏེ་སྤྱི་ལོ་༡༧༣༠ལོར་བཀའ་བསྟན་ཆ་ཚང་གི་དཔར་བཞེངས་པ་མ་ཟད། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྲིགས་པའི་བཀའ་བསྟན་ལག་བཤུས་དེ་གཞིར་བཟུང་ནས་བཀའ་བསྟན་གྱི་དཔར་བརྐོས། དེར་སྣར་ཐང་དཔར་རྙིང་ཞེས་འབོད། དཔར་འདིའི་མ་དཔེ་ད་སྐབས་བཀྲ་ཤིས་ལྷུན་པོ་དང་པོ་ཏ་ལ་རུ་ད་དུང་བཞུགས།སྣར་ཐང་གི་དཔར་དེའི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་པ་མ་ཟད་ནང་དུ་ད་དུང་ཚོན་ཕབ་པའི་རི་མོ་ཡང་ཡོད། སྐབས་དེར། སྣར་ཐང་པར་ཁང་གིས་དཔར་སྐྲུན་ལས་རིགས་སུ་དཔར་བརྐོ་བཟོ་བ་མང་པོ་གསོ་སྐྱོང་བྱས་ཏེ་དཔར་སྐྲུན་ལས་རིགས་དང་རིག་གནས་ལས་རིགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཐོན།
 ཅོ་ནེའི་པར་ཁང་།

   ཅོ་ནེ་དགོན་པ་ནི་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་དུ་ཆགས་ཤིང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་བཀའ་ལྟར་སྤྱི་ལོ་1294ལོར་ཕྱག་བཏབ། 1459ལོར་ཅོ་ནེ་དཔོན་རབས་གཉིས་པའི་གཅུང་པོ་རིན་ཆེན་ལྷུན་པོ་ཡིས་དགེ་ལུགས་སུ་བསྒྱུར་ཞིང་ཁྲི་བར་བཞུགས། དུས་རབས16པར་ཅོ་ནེ་དགོན་ཆེན་དུ་པར་ཁང་བཙུགས་པ་ནས་བཟུང་ནང་བསྟན་གྱི་བསྟན་བཅོས་ཁྲི་མ་འབུམ་བརྐོས་ཤིང་དཔར་ཏེ་སྐབས་དེའི་མདོ་སྨད་ཀྱི་དཔར་བརྐོ་དང་དཔེ་སྐྲུན་ལས་རིགས་ཀྱི་ལྟེ་བ་དང་རིག་གནས་དར་སྤེལ་གྱི་ལྟེ་བ་རུ་གྱུར། ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཅོ་ནེ་དགོན་ཆེན་དུ་པར་ཁང་ཆུང་བ་ཞིག་བཙུགས་ཏེ་གཙོ་བོ་ནང་བསྟན་བསྟན་བཅོས་ཀྱི་ལེའུ་ཆ་ཤས་རེ་དཔར། དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་པོའི་སྐབས་སུ་བཀའ་འགྱུར་པར་ཁང་བཙུགས་ཏེ་ཆེད་དུ་བཀའ་འགྱུར་གྱི་དཔར་བརྐོ་བའམ་བཤུ་འབྲི་བྱས། ཁྱོན་པོད108དང་དཔར་ཤིང་ཁྲི8ལྷག་ཡོད། དཔོན་རབས་བཅུ་གསུམ་པ་བསྟན་སྲུང་ཚེ་རིང་གི་སྐབས་ཏེ་སྤྱི་ལོ1753ལོར་བསྟན་འགྱུར་པར་ཁང་བཙུགས་པར་པོད317དང་དཔར་ཤིང་ཁྲི12ཡོད། བསྟན་འགྱུར་ཆ་ཚང་ཞིག་དཔར་བར་བཟོ་བ70ཡིས་ཟླ་༥ལྷག་ལ་ད་གཟོད་ཚར་ཐུབ། བཀའ་འགྱུར་པར་ཁང་དང་བསྟན་འགྱུར་པར་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་བགྲང་གིས་མི་ལངས་པ་དཔར་དུ་བརྐོས་ཤིང་པར་དུ་བསྐྲུན། བཀའ་འགྱུར་པར་ཁང་ལ1721ལོ་ནས་1928ལོའི་བར་དུ་ཁྱོན་ལོ་ངོ207གྱི་ལོ་རྒྱུས་ཡོད་པ་དང་། བསྟན་འགྱུར་པར་ཁང་ལ1753ལོ་ནས1928ལོའི་བར་དུ་ཁྱོན་ལོ་ངོ175ཡི་ལོ་རྒྱུས་ལྡན།དེའི་རིང་དུ་པར་ཁང་གཉིས་ནས་མཚན་ཉིད་རིག་པ་དང་། ལོ་རྒྱུས།མཛད་རྣམ། རྩོམ་རིགགསོ་རིགསྐར་རྩིས་སོགས་ཀྱི་ནང་དོན་འདུས་པའི་དཔེ་ཆ་ཁྲི་ལྷག་དཔེ་སྐྲུན་མཛད། དཔེ་ཆ་དེ་དག་དེང་སྐབས་དགོན་པ་དེ་རང་ཕུད་པའི་བོད་ཀྱི་དགོན་སྡེ་ཁག་དང་སློབ་ཆེན་གྱི་དཔེ་མཛོད་ཁང་ཁག་ཏུ་ཉར་བ་མ་ཟད། དཔེ་རྒྱུན་རྩ་ཆེན་མང་པོ་ཞིག་འཇར་པན་དང་ཨ་མེ་རི་ཁ་དང་།གསོག་ཉར་ལས་ཁུངས་མང་པོས་ཉར་ཚགས་བྱས།
 སྡེ་དགེའི་པར་ཁང་།
 
   སྡེ་དགེའི་པར་ཁང་ནི་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ1729ལོར་བཞེངས་པ་དང་། སྡེ་དགེ་དགོན་ཆེན་གྱི་ཁོངས་སུ་གཏོགས་པ་དང་བོད་ཀྱི་པར་ཁང་ཆེན་མོ་གསུམ་གྱི་གྲས་སུ་གཏོགས། སྡེ་དགེ་རྒྱལ་པོ་རིམ་བྱོན་དང་མཁས་བའི་དབང་པོ་དུ་མས་ཐུགས་ཁུར་དང་རྒྱབ་སྐྱོར་གྱིས་པར་ཁང་དེ་རིམ་བཞིན་དར་རྒྱས་སུ་སོང་ཞིང་། རྒྱལ་པོ་རིམ་བྱོན་གྱིས་གཙོ་སྐྱོང་དང་ཁ་གསབ་དང་སྲུང་སྐྱོང་བཅས་བྱས་མཐར་ད་ལྟའི་གཞི་ཁྱོན་ཆེ་ཞིང་བཟོ་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྣམ་པ་འདི་ཆགས་པ་ཡིན།པར་ཁང་གི་མཐོ་ཚད་ལ་སྨི18ཡོད་པ་དང་། རྒྱ་ཁྱོན་ལ་རྨིད་གྲུ་བཞི3880ཡོད།པར་ཁང་ལ་ལོ་རྒྱུས་སུ་དཔར་ཤིང་ཁྲི་༣༠ལྷག་ཡོད་ཅིང་། ཉེ་རབས་གཏོར་སྐྱོན་ཕོག་སྟེ་ད་ལྟ་དཔར་ཤིང་ཁྲི21.7ལྷག་ཡོད་དེ། བོད་ཁམས་ཡོངས་ཀྱི་ཤིང་བརྐོས་དཔར་ཤིང་ཆེས་མང་ཤོས་ཡིན། པར་ཁང་དུ་ཤིང་དཔར་ཉར་ཚགས་ཁང་དང་ཤོག་བུ་ཉར་ཚགས་ཁང་། དཔེ་ཆ་སྐེམ་ས། དཔར་ཤིང་བཀྲུ་ས། ལྷ་ཁང་།འདུ་ཁང་སོགས་ཡོད། སྡེ་དགེའི་པར་ཁང་བཞེངས་ནས་ལོ་ངོ260ལྷག་གི་རིང་དུ་དཔེ་ཆ་སྡེ་དགེའི་དཔར་མ་དག་བོད་ཡུལ་ཡོངས་སུ་ཁྱབ་པ་མ་ཟད། རྒྱ་དང་སོག་པོ།ཐ་ན་ཕྱི་རྒྱལ་དུ་ཡང་ཁྱབ། པར་ཁང་འདི་ཉིད་ལག་རྩལ་མཆོག་ཏུ་གྱུར་པ་དང་དཔར་ལེགས་པ། ནང་དོན་ཕུན་སུམ་ཚོགས་པ་སོགས་ཁྱད་ཆོས་སྣ་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ། 1996ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་གནད་སྲུང་སྐྱོང་ལས་ཁུངས་སུ་གཏན་འཁེལ་བྱས།
 བླ་བྲང་གི་པར་ཁང་།
 
བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ་ཆགས་ཤིང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་སྤྱི་ལོ1709ལོ་སྟེ་བོད་རབ་བྱུང་བཅུ་པའི་ས་གླང་ལོར་ཕྱག་བཏབ་པ་དང་། ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། བླ་བྲང་དགོན་པ་ནི་དགོན་སྡེ་གྲགས་ཅན་ཞིག་ཡིན་པ་མ་ཟད་ཤེས་བྱ་ཁྱབ་སྤེལ་བྱེད་སའི་སློབ་གྲྭ་སྣ་འཛོམས་ཅན་ཞིག་ཀྱང་ཡིན་ལ།མདོ་སྨད་ཀྱི་རིག་གནས་སྒྱུ་རྩལ་གྱི་ལྟེ་གནས་ཀྱང་ཡིན། བླ་བྲང་དགོན་པའི་པར་ཁང་ནི་སྤྱི་ལོ1761ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་བཞེངས་པ་ཡིན།དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་པར་ཁང་གི་གཞི་ཁྱོན་ཅུང་ཆེན་པོར་ཆགས་པ་དང་།དཔར་བརྐོ་དང་པར་སྐྲུན་གྱི་ལས་རིགས་ཆ་ཚང་བར་ཆགས།འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་དཔར་བརྐོའི་ལས་ཀ་རྩ་འཛུགས་བྱས་ཏེ། 1958ལོའི་བར་དུ་དཔར་ཤིང་ཁྲི7ལྷག་ཡོད་པ་དང་། དེར་རྗེ་ཙོང་ཁ་པ་ཆེན་མོའི་གསུང་རྩོམ་དང་རྗེ་ཙོང་ཁ་པའི་སློབ་མའི་གསུང་རྩོམ་གྱི་དཔར་ཤིང་ཁྲི2ཙམ་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་གསུང་རྩོམ་དཔར་ཤིང6000ལྷག་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པའི་གསུང་རྩོམ་གྱི་དཔར་ཤིང300སྐུ་ཕྲེང་བཞི་པའི་གསུམ་རྩོམ་གྱི་དཔར་ཤིང1700ལྷག བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པ་དམ་པ་རྣམས་ཀྱི་གསུང་རྩོམ་དང་དཔེ་རིགས་གཞན་དག་སོགས་ཁྱོན་དཔར་ཤིང་ཁྲི་༣ལྷག་ཡོད།
 སྐུ་འབུམ་དགོན་པའི་པར་ཁང་།
 
   སྐུ་འབུམ་དགོན་པ་ནི་མཚོ་སྔོན་གྱི་ཙོང་ཆུ་རྫོང་དུ་ཆགས་ཤིང་སྤྱི་ལོ1379ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཞལ་བཀོད་ལྟར་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་བཏབ། ཕྱིས་རིམ་གྱིས་རྒྱ་བསྐྱེད་ནས་བར་སྐབས་གྲྭ་ཚང་བཞིར་འཕེལ་རྒྱས་བྱུང་ཞིང་། མིང་ཆ་ཚང་ལ་སྐུ་འབུམ་བྱམས་པ་གླིང་ཞེས་འབོད། སྐུ་འབུམ་དགོན་པ་ནི་རྫེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སྐུ་འཁྲུངས་ཡུལ་ཡིན། སྐུ་འབུམ་དགོན་པའི་པར་ཁང་ནི་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྤྱི་ལོ1827ལོར་བཞེངས། དེའི་རྗེས་སུ་མུ་མཐུད་དུ་རྒྱ་བསྐྱེད་དང་འཕེལ་རྒྱས་སོང་ནས་དཔར་བརྐོ་ཁང་དང་པར་ཁང་། དཔར་ཤིང་ཁང་། ཤོག་ཉར་ཁང་། དཔར་ཤིང་བཀྲུ་ས། དཔེ་ཁང་བཅས་ཀྱི་གཞི་ཁྱོན་ཆགས། སྐུ་འབུམ་དགོན་པའི་དཔར་ཤིང་ནི་མཁྲེགས་ཤིང་ཞིབ་པའི་ཤིང་སྟག་པར་ལས་སྣོན་བྱས་ཏེ་བྱུང་བ་དང་དཔར་ཤིང་གི་དབྱིབས་ཡུལ་གཞན་དག་དང་འདྲ།སྤྱི་ལོ1823ལོར། ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལྷ་རམས་པའི་དམ་བཅའ་བཞག་རྗེས་སྐུ་འབུམ་དགོན་གྱི་ཁྲི་རབས་བཞི་བཅུ་ཞེ་བདུན་པར་བཞུགས།དེའི་སྐབས་སུ་ལྷ་ས་དང་ཅོ་ནེ། སྡེ་དགེ་སོགས་ཀྱི་དཔར་མ་གཞིར་བཟུང་སྟེ་རྗེ་ཡབ་སྲས་གསུམ་གྱི་གསུང་རྩོམ་ཆ་ཚང་ཁྱོན་དཔར་ཤིང་ཆིག་ཁྲི་ལྔ་སྟོང་ལྷག་པར་དུ་བརྐོས་ཤིང་པར་སྐྲུན་མཛད། གཞན་ད་དུང་མཁས་གྲུབ་དམ་པའི་གསུང་རྩོམ་དང་རྣམ་ཐར། སྐར་རྩིས།གསོ་རིག ལོ་རྒྱུས།དམངས་ཁྲོད་གཏམ་རྒྱུད་སོགས་རིག་ཚན་དུ་མའི་དཔེ་ཆ་འབོར་ཆེན་གྱི་དཔར་ཤིང་བཟོ་སྐྲུན་གནང་། དཔེ་ཆ་དེ་དག་ཚང་མ་སྤྱིར་བཏང་དུ་དབུ་ཅན་ཡིན་པ་དང་ཡིག་ཚོན་ནག་པོ་ཡིན་ན་ཡང་། གསུང་རྩོམ་རེ་འགའ་ནི་གསེར་དངུལ་ལམ་གཡུ་བྱུར་སོགས་རྒྱུ་ཆ་རྩ་ཆེན་ཞིབ་བུར་བརྡུངས་ཏེ་ཆུ་རུ་བྲིས་པ་དང་མང་ཆེ་ཤོས་དབུ་ཅན་གྱི་ཕྱག་བྲིས་རྐྱང་པ་རེད། སྐུ་འབུམ་པར་ཁང་གི་དཔེ་ཆའི་ཡི་གེ་བྲིས་པ་གཙང་ཞིང་སྤུས་དག་དང་། ཡིག་གཟུགས་མཛེས་ལ་ཞིབ་ཚགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ན་ཤིང་དཔར་དཔེ་ཆ་ལས་མཆོག་གྱུར་ཡིན།ད་ལྟ། སྐུ་འབུམ་དགོན་ནི་མཚོ་སྔོན་ཞིང་ཆེན་གྱི་གནའ་ཤུལ་གྲགས་ཅན་དང་རྒྱལ་ཡོངས་རིག་དངོས་གཙོ་གནད་སྲུང་སྐྱོང་ལས་ཁུངས་ཡིན།
 ར་རྒྱ་དགོན་པའི་པར་ཁང་།
 
   ར་རྒྱ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་ཤང་དུ་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་ཞིག་ཡིན། སྤྱི་ལོ1726ལོར་རྒྱལ་མཚན་འོད་ཟེར་ཉིད་ཀྱིས་ཕྱག་བཏབ། ར་རྒྱ་དགོན་པའི་པར་ཁང་ནི་སྤྱི་ལོ1811ལོར་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་ཉིད་ཀྱིས་བཞེངས་པ་ཡིན། བཀའ་བསྟན་སྡེ་དགེའི་དཔར་མ་གཞིར་བཟུང་སྟེ་དགོན་པ་ཕྱི་ནང་གི་ཡིག་གཟུགས་ལ་མཁས་པ75དང་། ཞུ་དག་པ10གདན་དྲངས་ཏེ་བཀའ་བསྟན་གསེར་བྲིས་མ་བཞེངས། ཡང་བཀའ་བསྟན་སྡེ་དགེའི་དཔར་མ་གཞིར་བཟུང་སྟེ་བརྐོ་བཟོ88དང་དགོན་པ་རང་གི་ཡིག་གཟུགས་ལ་མཁས་པ30ལྷག་གདན་དྲངས་ཏེ་སྤྱི་ལོ1816ལོར་འགོ་བརྩམས་པ་དང་། 1820ལོར་མཇུག་བསྒྲིལ་ཏེ་ཤིང་དཔར་ཁྲི་གསུམ་བརྐོས།
 ལྷ་སའི་ཞོལ་པར་ཁང་གསར་པ།
 
   ལྷ་སའི་ཞོལ་པར་ཁང་གསར་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་རིང་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་ངོས་སུ་བཞེངས་ཤིང་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་གསོལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་པར་ཁང་འདིར་ཡང་བསྐྱར་ཞིག་གསོ་བྱས་པ་དང་ལྷན་དུ་བཀའ་བསྟན་ཆ་ཚང་གི་དཔར་བརྐོས་པ་དང་དབུས་གཙང་དང་མདོ་སྨད་ཀྱི་གསུང་རྩོམ་དང་ལོ་རྒྱུས་ཡིག་ཆ་མང་པོ་ཡང་བརྐོས། དཔེ་ཆ་དེ་དག་ཉར་ཚགས་བྱ་ཆེད་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ནུབ་ངོས་སུ་ཁང་མིག80ཅན་གྱི་པར་ཁང་ཞིག་ཀྱང་བཞེངས། བོད་ཡུལ་གྱི་དགོན་སྡེ་ཁག་ཏུ་པར་ཁང་བཙུགས་པ་ནས་བཟུང་སྟེ་དཔར་བརྐོའི་ལག་རྩལ་དང་ཤོག་བཟོའི་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་སུ་སོང་ཞིང་། བོད་ཡིག་དཔེ་ཆའི་རྣམ་པ་དང་པར་ངོས།སྤུས་ཚད་སོགས་ལ་ཚད་གཞི་གཅིག་གྱུར་ཞིག་ཆགས་ཡོད་དེ། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་གི་སྲུང་འཛིན་དང་དར་སྤེལ་ལ་ནུས་པ་གལ་ཆེན་ཐོན་ནོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།