中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། མཛོད་དགེ་སྨད་མ་ཤོག་པ་ལྔ།
དུས་ཚོད།2016-07-01 16:56:42     རྩོམ་གྱི་ཡོང་ཁུངས། མདོ་སྨད་ལོ་རྒྱུས་ཆེན་མོ།    ཆུང་། | འབྲིང་། | ཆེ།
དང་བོ།  སྤྱིའི་གནས་བབ།
   མཛོད་དགེ་སྨད་མ་ཤོག་པ་ལྔར་གྲགས་པ་ནི།བླ་བྲང་བཀྲ་ཤིས་འཁྱིལ་ལ་ལྟོས་པའི་ཤར་ལྷོའི་མཚམས་སུ་ཆགས་ཤིང་།ཤར་རྒྱུད་ན་ཅོ་ནེ་ཁྱ་དགེ་དང་། ལྷོ་ཕྱོགས་སུ་ས་དམར་ཨ་འཁོར་དང་། ཆས་པ་རྒྱ་མཁར། ལྷོ་ནུབ་ཏུ་ཅོ་ནེ་ཝ་དམར།  རྡོ་དཀར་སོགས། ནུབ་བྱང་དུ་གཙོས་དང་ཁ་གྱ། བྱང་རྒྱུད་ནི་ཤོ་བ་ཕྱོགས་དང་ས་འདབས་འདྲེས་ནས་ཡོད། འདི་ལ་ཤོག་པ་ལྔ་ཡོད་པ་ནི། 1 དམེ་བོ། 2 རུ་སྟོད་མ། 3 ཉ་ཏོ། 4 འབྲུག་གེ 5 ནང་བ་བཅས་ཤོག་ཆེན་ལྔ་ཡིན་ཞིང་། དེ་དག་གི་སྡེ་ཚོ་ཁག་གཤམ་གྱི་རེའུ་མིག་ལས་ཤེས་པར་བྱའོ།
   མཛོད་དགེའི་མི་རྒྱུད་ཐོག་མ་དག་གི་ལོ་རྒྱུས་ནི། ཀུན་མཁྱེན་འཇིགས་མེད་དབང་བོས། དགའ་ལ་རིགས་བཞི་ཡོད་པའི་ཆེ་བ་སྟག་རིས་ཅན་ཡིན། དེའི་རྒྱུད་པ་ལ་དགའ་ཡེ་ཤེས་དར་རྒྱས་ཞེས་བྱ་བ་བྱུང་སྟེ། མངའ་བདག་ཁྲི་རལ་གྱི་བློན་པོར་གྱུར། རལ་བ་ཅན་གྱིས་ཤན་ཟིའི་མཆོད་རྟེན་དཀར་བོ་ཡན་ཆད་མངའ་འོག་ཏུ་བཅུག་པའི་ཚེ། བློན་པོ་དགའ་ཡེ་ཤེས་དར་རྒྱས་དཔྱ་ཁྲལ་སྡུད་ཕྱིར་མདོ་སྨད་ཀྱི་ཕྱོགས་སུ་མངགས་པ། ད་ལྟ་མཛོད་དགེ་སྟོད་ཡོད་པའི་ས་ཆ་གླིང་ངོས་བྱ་བ་ས་ཡངས་ཤིང་རྒྱ་ཆེ་བ། རྨ་ཆུ། རྨེ་ཆུ། སྐ་ཆུ་སྟེ་ཆུ་ཀླུང་ཆེན་པོ་གསུམ་འབབ་པ། སྤང་ལྗོངས་དང་ནེའི་གསིང་དུ་མས་བརྒྱན་ཅིང་ཡིད་དུ་འོང་བར་མཐོང་ནས། བདག་གིས་འདི་བཟུང་སྟེ་བོད་ཀྱི་མགོ་འཛིན་དང་། རྒྱའི་ཁ་གནོན་བྱའོ་སྙམ་དུ་དགོངས་ནས་གནས་བཅས་ཏེ་གཞི་ཆགས། དེའི་ཚེ་རྒྱ་བོད་འབངས་སུ་གྱུར་པ་མཐའ་དག་གིས་རྒྱལ་བོའི་བློན་པོ་ཆེན་པོ་ཡིན་པའི་སྟོབས་ཀྱིས་དཔོན་པོ་ཞེས་ཞེ་ས་དང་། བཀུར་བཟོས་ཆེན་པོ་བྱེད་ཅིང་གསེར་དངུལ་དར་ཟབ་རྟ་ནོར་སོགས་བདོག་པའི་དངོས་པོ་རྒྱ་ཆེར་ཕུལ་བ་ལ་བརྟེན་ནས་རིམ་གྱིས་སྟོབས་འབྱོར་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏེ། མངའ་འབངས་རྣམས་དགེ་བཅུའི་ཁྲིམས་ལ་ཡང་དག་པར་འགོད་པ་དང་། བོད་ཀྱི་མགོ་འཛིན་སོགས་ལུགས་གཉིས་ཀྱི་བྱ་བ་ཡར་ལྡན་དུ་གྱུར།  དེས་རིགས་བཟང་ཞིང་ཁུངས་བཙུན་པའི་བུད་མེད་ལྔ་བླངས་པ་ལས་བུ་རེ་རེ་སྐྱེས་པར། མའི་རུས་ལས་དྲངས་ཏེ་མིང་རེ་བཏགས། དེ་དག་གི་རྒྱུད་པ་རིམ་གྱིས་འཕེལ་བ་ལས་མཛོད་དགེ་སྟོད་སྨད་ཀྱི་དཔོན་ཁག་རྣམས་བྱུང་སྟེ། ཞེས་སོགས་འབྱུང་བ་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས། གུང་ཐང་བསྟན་པའི་སྒྲོན་མེའི་འཁྲུངས་ཡུལ་དང་བསྡོངས་ཏེ་གསུངས་པ་ནི། བདག་ཉིད་ཆེན་པོ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་སྔོན་གྱི་ལྷ་བུ་བཙན་པོ་དག་གི་དུས་སུ་རྒྱ་བོད་མཚམས་ཕྱེ་སྟེ་རྡོ་རིང་མང་བོ་བཙུགས་པར་བཤད་པའི་རྡོ་རིང་འགའ་དང་ཉེ་ཞིང་མདོ་སྨད་ཀྱི་ཤར་ལྷོར་གཏོགས་པ་མཛོད་དགེ་སྨད་དུ་གྲགས་པའི་སའི་ཆ་ཡིན་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་དུས་མདོ་སྨད་རྟའི་ཆོལ་ཁར་གྲགས་པ་ཁྲི་སྲོང་ལྡེ་བཙན་གྱིས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཚེ་བོད་རུས་ཆེན་རྣམས་ལ་ཁྲལ་བསྡུས་ཏེ་ཡུལ་གྲུ་རྒྱ་ཆེ་ཞིང་བཙན་པར་བྱས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་ཧོར་གོང་མ་སེ་ཆེན་ཧན་གྱིས་མནྗིའི་རྒྱལ་བླངས་པའི་སྡིག་བཤགས་སུ་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་ཅིང་། ཇུ་ཞག་བསྒྲིགས་པར་བཤད་པ་ལས་འཁྲུངས་ཡུལ་འདི་ནི་ཇུ་ཞག་གི་ནང་ཚན། ཀ་ཇུ། ཐོའུ་ཇུ་གཉིས་ཀྱི་བར་མཚམས་རྒྱ་དང་ཐག་ཉེ་བའི་ཡུལ་ཡིན་ནོ།
   ཁྲི་སྲོང་གིས་མཛོད་པའམ་ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་བོད་ཀྱི་ཁ་འཛིན་ལ་གླིང་ཡུལ་དུ་མངགས་པ་དགེ་སློང་གི་ཆ་བྱད་དུ་ཡོད་པས་མཛོད་དགེར་གྲགས་ཤིང་། དེ་ལས་འཕེལ་བའི་མི་བརྒྱུད་ཀྱི་ནང་ཚན་ཞིག་རིམ་གྱིས་ཡུལ་འཕོས་ནས་ཕྱོགས་འདིར་ཆད་དེ་རྒྱ་དང་ཉེ་བའི་སར་བསྡད་པས་མཛོད་དགེ་ཤིས་ཞིན་དུ་ཐོགས། རིམ་གྱིས་བོད་ཀྱི་ས་ཆར་འཕགས་ཏེ་ནགས་ཚལ་གྱི་མདོག་གིས་ས་གཞི་ནག་པོར་སྣང་བའི་ཡུལ་དུ་བསྡད་པས་སམ་སྤྱོད་ལམ་གྱི་དབང་གིས་ཧ་ར་ཤིས་ཞིན་དུ་གྲགས། གཟུངས་ཐར་བུ་ལྔར་གྲགས་པ་ལས་མཛོད་དགེ་ཤོག་ལྔར་གྱེས་ཤིང་། འདི་གའི་དཔོན་ཤེས་རབ་སེང་གེ་ཞེས་པ་དུག་ནད་སྦྱོང་ཕྱིར་ཀུན་མཁྱེན་གོང་མ་མཇལ་བར་གཏེར་ལུང་དུ་ཕྱིན། གཏེར་ཐོན་པ་དང་མཉམ་དུ་མཇལ་བས་ཀུན་མཁྱེན་རིན་པོ་ཆེ་ཐུགས་དགྱེས་ཤིང་བུམ་ཆུ་སྩལ་བ་ཙམ་གྱིས་བདེ་བའི་དགའ་སྟོན་ཐོབ། རང་ཡུལ་གྱི་གཞི་བདག་གི་བསང་མཆོད་ཞུས་པའི་ནང་དུ་མི་རྣམས་ཆོས་ལ་དཀར་བ་དང་། བསླབ་གསུམ་འཛིན་པའི་དགེ་འདུན་གྱི་སྡེ་འཕེལ་བ་སོགས་ཀྱི་འཕྲིན་བཅོལ་མཛད་འདུག་པ་དགོངས་གཞི་ཅན་དུ་སྣང་།  གསུང་དེ་ལ་བརྟག་ན་དུས་དེར་མཛོད་དགེ་མར་ཁུ་ཐང་དུ་གྲགས་པའི་ཡུལ་ཕྱོགས་འདི་སྡེ་དཔོན་དེས་བཟུང་ཡོད་པར་མངོན། སྡེ་དཔོན་དེ་ལ་མངའ་རིས་རྒྱས་ཙམ་ཡོད་པ་ལས།   ཞེས་གསུངས་འདུག
   ལོ་རྒྱུས་དུམ་བུ་འདིའི་ཐོག་ནས་སྔར་བྱུང་ལོ་རྒྱུས་ཀྱིི་གནས་ཚུལ་མང་བོ་ཞིག་ཤེས་ཐུབ་སྟེ། དཔེར་ན་མཛོད་དགེའི་མི་རྒྱུད་དང་། ཅོ་ནེ་དཔོན་རྒྱུད་གཉིས་རྒྱུད་པ་གཅིག་ལས་མཆེད་པ་དང་། མཛོད་དགེ་འདི་བོད་རྒྱལ་བཙན་པོ་དག་གི་རིང་ལ་རྒྱ་བོད་ཀྱི་ས་མཚམས་སུ་རྡོ་རིང་མང་བོ་བསླངས་པའི་རྡོ་རིང་འགའ་ཞིག་དང་ཉེ་བའི་ས་ཆ་ཡིན་པར་བཤད་ཡོད་སྟབས། ཕྱི་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་བློ་སྒོ་གསར་བ་ཞིག་ཕྱེ་བ་ཡིན་ལ། འདིའི་ཐག་ཉེ་ན་ཡོད་པའི་རྡོ་རིང་དེ་དག་རྩད་གཅོད་བྱེད་ཐུབ་པ་ཡིན་ན། སྤྱི་ལོ་༨༢༢ལོར་རྒྱ་བོད་ས་མཚམས་གུ་གུང་རྨེ་རིར་བཙུགས་པར་གྲགས་པའི་རྡོ་རིང་འཛུགས་ས་དེ་རྙེད་སྲིད་པ་ཡིན་ལ། དེ་བས་ཀྱང་དོ་སྣང་བྱ་དགོས་པ་ཞིག་ནི། དེང་སང་གུ་གུང་རྨེ་རིའི་རྡོ་རིང་འཛུགས་ས་རྨེ་རིའམ་མེན་ཞན་དུ་ཚོད་དཔག་བྱེད་མཁན། ཨ་མྱེས་གཉན་ཆེན་གྱི་རི་རྒྱུད། ཀ་ཇུའི་མཆོད་རྟེན་དཀར་བོར་འདོད་པའི་ས་གནས་དེ་གསུམ་ཆ་མཛོད་དགེའི་ཕྱོགས་དང་ཐག་མི་རིང་བས་ཞིབ་འཇུག་དོ་ནན་ཞིག་བྱེད་ཐུབ་ན་ལྷང་ལ་འབུད་རྒྱུ་ཞིག་ཡོད་པར་སྣང་།
   ད་དུང་ཞར་འཕྲོས་ཀྱི་ཚུལ་དུ་དཔྱད་ན།  ཀ་ཇུ་དང་། ཐོ་ཇུ། མེན་ཇུ་སོགས་བོད་ཀྱི་ལོ་རྒྱུས་སུ་ཡང་ཡང་འབྱུང་བ་འདི་དག་འགྲོ་མགོན་འཕགས་པས་བོད་ཀྱི་ཡུལ་སྡེ་རྣམས་ལ་ཇུ་ཞག་བསྒྲིགས་པའི་མིང་ཙམ་ལས་རྒྱུ་མཚན་གཞན་མེད་པ་ཤེས་ཐུབ་པ་ཡིན་ལ། རྒྱུ་མཚན་འདི་ཤེས་ན་དེབ་དཀར་དུ།  མདོ་སྨད་དང་འབྲེལ་བའི་ཤར་ངོས་ཀྱི་ཡུལ་རྣམས་ལ་ཡང་། ཀ་ཆུ། ཐོ་ཆུ། སི་ཆུ་ལ་སོགས་པའི་མིང་ཡོད་པ་དག་ལ། འགའ་ཞིག་གིས་ཀ་ཇི་སོའུ་ཅུ་སོགས་རྒྱ་སྐད་ཡིན་ཚུལ་དུ་བྲིས་ཀྱང་། གདོན་མི་ཟ་བར་གཞུང་ཆུ་ལས་ཡུལ་གྱི་མིང་བཏགས་པ། དཔེར་ན་ཀླུ་ཆུ་དང་། རྫ་ཆུ་ལྟ་བུའི་བོད་ཀྱི་ཐ་སྙད་ཡིན་ཏེ། ཞེས་གསུངས་འདུག་ནའང་། གུང་ཐང་བསྟན་པའི་སྒྲོན་མེའི་རང་རྩོམ་རྣམ་ཐར་ཀ་ཕྲེང་དུའང་།
ཀ་ཡེ་ལྷོ་རྒྱུད་འཛམ་གླིང་བྱང་གི་ཕྱོགས།།
ཁ་བ་ཅན་གྱི་ཆ་ཤས་མདོ་སྨད་ཁམས།།
  ག་ཇུ་ཐོའུ་ཇུའི་ཉེ་འཁོར་མཛོད་དགེ་སྨད།།
ང་ཡི་ལྟེ་ཁྲག་འཕོ་བའི་ས་ཆ་ཡིན།།
ཞེས་ཀྱང་འབྱུང་སྟབས།
   དགེ་ཆོས་ཀྱི་དེ་ལ་བློ་རྩེ་གཏད་ས་མེད་པ་ག་ལ་ཡིན་ཀྱང་། སྐབས་འདིར་རིགས་འགྲེ་ཐལ་དྲགས་པའི་སྐྱོན་ཅུང་ཞིག་ཡོད་དམ་སྙམ། གོང་གི་བསྟན་པའི་སྒྲོན་མེའི་རྣམ་ཐར་དུ་འབྱུང་བའི་མིང་ཚིག་འགའ་ཞིག་ལ་གོ་བ་ལེན་མི་ཐུབ་སྟེ།  དཔེར་ན་ཤིས་ཞིན་ཞེས་པ་འདི་སྐད་རིགས་གང་ཡིན་མིན་མི་ཤེས་པ་དང་། ལྷག་པར་དུ་(རིམ་གྱིས་བོད་ཀྱི་ས་ཆར་འཕགས་ཏེ་ནགས་ཚལ་གྱི་མདོག་གིས་ས་གཞི་ནག་པོར་སྣང་བའི་ཡུལ་དུ་བསྡད་པས་སམ་སྤྱོད་ལམ་གྱི་དབང་གིས་ཧ་ར་ཤིས་ཞིན་དུ་གྲགས)ཞེས་འབྱུང་བ་འདིས་ཅི་ཞིག་སྟོན་གྱི་ཡོད་པ་གོ་མི་ནུས་ཏེ།  འདིས་སྟོད་ཀྱི་མཛོད་དགེ་བ་རྣམས་སྨད་དུ་སླེབས་སྐབས་ཐོག་མར་རྒྱས་བཟུང་བའི་ཡུལ་ལྟ་བུ་ཞིག་ཏུ་སོང་ཞིང་། ཕྱིས་རིམ་གྱིས་ཡར་མཛོད་དགེའི་ཡུལ་འདིར་སླེབས་པར་བཤད་ཀྱིན་ཡོད་པ་ཡིན་ནམ། ས་རྒྱུས་རིག་པ་བ་རྣམས་ཀྱིས་ལོ་ངོ་དུང་ཕྱུར་གཉིས་ཙམ་གྱི་སྔོན་ནས་རྒྱ་མཚོའི་བྱིང་དུ་ནུབ་པའི་བོད་ཡུལ་འདི་ཡར་འཕགས་མགོ་བརྩམས་ཏེ། ལོ་ངོ་ས་ཡ་གཉིས་ཀྱི་སྔོན་དུ་ཧི་མ་ལ་ཡའི་རི་རྒྱུད་འགུལ་སྐྱོད་དུ་གྲགས་པ་བྱུང་ནས་བོད་ཡུལ་ཡོངས་རྫོགས་ཡར་འཕགས་པར་བཤད་པ་དེ་སྟོན་བཞིན་ཡོད་དམ། གནའ་དེང་གི་སྨྱུ་གུ་འགུལ་མཁན་མང་བོས་ལུང་འདི་ཉིད་དྲངས་འདུག་མཐོང་ཡང་། ཁོང་རྣམས་ཀྱིས་ལུང་འདིའི་དོན་ཆ་ཚང་གོ་ཡོད་པའམ།  ཡང་ན་གོ་བའི་ཚུལ་བསྟན་པ་གང་ཡིན་མ་ཤེས་ཀྱང་དོགས་སློང་བྱེད་མཁན་སུ་ཡང་བྱུང་མྱོང་མེད།
   མདོ་སྨད་ཆོས་འབྱུང་དུ།  མཛོད་དགེ་ཤོག་པ་ལྔ་ནི་མཛོད་དགེ་སྟོད་ཀྱི་དཔོན་པོ་བློ་གྲོས་བཟང་གི་རྒྱུད་པ་ཞིག་འདིར་འོངས། མི་རབས་འགའ་སོང་རྗེས་གཟུངས་ཐར་ཟེར་བ་ལ་བུ་ལྔ་བྱུང་བ་ཤོག་པ་ལྔར་གྱེས། ཞེས་འབྱུང་བ་འདིའི་ཐོག་ནས།  མཛོད་དགེ་མི་རྒྱུད་ཐོག་མ་བློ་གྲོས་བཟང་བྱ་བ་ཡིན་པར་ཤེས་སྟབས། བསྟན་པའི་སྒྲོན་མེའི་རྣམ་ཐར་དུ་འབྱུང་བའི་གཟུངས་ཐར་བྱ་བ་མཛོད་དགེའི་མི་རྒྱུད་ཐོག་མ་མ་ཡིན་པ་དང་། བློ་གྲོས་བཟང་ལས་རྩིས་ཏེ་མི་རབས་འགའ་ཞིག་གི་རྗེས་སུ་གཟུངས་ཐར་བྱུང་ཞིང་། དེར་བུ་ལྔ་བྱུང་བ་ལས་མཛོད་དགེ་ཤོག་པ་ལྔ་བྱུང་བའང་ཤེས་ཐུབ་པ་ཡིན་ནོ།
   དེས་ན་མཛོད་དགེའི་མེས་པོ་གཟུངས་ཐར་དང་། ཅོ་ནེའི་དཔོན་པོ་སྤྱང་ཐི་དང་དངོ་ཐི་སོགས་སྤུན་མཆེད་ཡིན་ལ། དེ་དག་མངའ་བདག་ཁྲི་རལ་གྱིས་མདོ་སྨད་དུ་དཔྱ་ཁྲལ་སྡུད་ཕྱིར་བཏང་བའི་དགའ་ཡེ་ཤེས་དར་རྒྱས་ཀྱི་བུ་ཡིན་སྟབས།  དགའ་ཡེ་ཤེས་དར་རྒྱས་ཀྱི་མི་རབས་གཉིས་པ་ལ་ཁེལ་ཡོད། རྒྱུ་མཚན་འདི་ལས་མཛོད་དགེ་སྨད་ཀྱི་རུ་སྡེ་ཐོག་མར་ཆགས་དུས་ནི། སྤྱི་ལོ་དུས་རབས་དགུ་བའི་སྨད་ཙམ་ལ་ཁེལ་བ་ཤེས་པས་ན། དེ་ནས་ད་ལོ་སྤྱི་ལོ་༢༠༠༦བར་ལོ་ངོ་༡༡༠༠ལྷག་གི་ལོ་རྒྱུས་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཡིན།(1)
 རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།