中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། མདོ་སྨད་ཅོ་ནེའི་ཡུལ་ནས་འཁྲུངས་པའི་དགའ་ལྡན་ཁྲི་རབས་བདུན་གྱི་ལོ་རྒྱུས་མདོར་བསྡུས།
དུས་ཚོད།2016-07-06 17:14:13     རྩོམ་གྱི་ཡོང་ཁུངས། ཧབ་ཆ་རིང་མོའི་འཕྲིན་སྟེགས།     ཆུང་། | འབྲིང་། | ཆེ།

 
༼༡༽ དགའ་ལྡན་ཁྲི་རབས་ཉེར་དགུ་བ་ཁྲི་ཆེན་བཤེས་གཉེན་གྲགས་པའམ་ཆོས་གཉེར་གྲགས་པ་ནི་རབ་བྱུང་དགུ་བའི་མེ་རྟ་སྟེ་སྤྱི་ལོ་༡༥༤༦ལོར་ཅོ་ནེའི་ཟུང་ཆུར་སྐུར་འཁྲུངས། ཁོངས་ནི་རས་ཆུང་བ་རྡོ་རྗེ་གྲགས་ཀྱི་རྣམ་འཕྲུལ་དུ་གྲགས།རས་ཆུང་རྡོ་རྗེ་གྲགས་ཀྱིས་མི་ལ་བླ་མའི་གཙོ་བོར་བསྟེན་ཞིང་རྒྱ་གར་དང་བལ་ཡུལ་སོགས་ནས་བླ་མ་མང་དུ་བསྟེན། ཐུགས་ཀྱི་སྲས་པོ་བཅུ་གསུམ་སོགས་སློབ་མ་མང་དུ་བྱུང་།ཁྲི་ཆེན་ཁོང་དགུང་གྲངས་རེ་གཉིས་སུ་ཕེབས་པ་རབ་བྱུང་བཅུ་བའི་མེ་ལུག་ཏེ་སྤྱི་ལོ་༡༦༠༧ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་བཀོད། དགུང་གྲངས་བདུན་ཅུའི་སྟེང་ཟུར་བཞུགས་མཛད་ནས་མཐར་དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་བའི་མེ་རྟ་སྟེ་སྤྱི་ལོ་༡༦༡༨ལོར་སྐུ་ཞི་བར་གཤེགས།
༼༢༽དགའ་ལྡན་ཁྲི་ཐོག་ཞེ་ལྔ་བ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་མཆོག་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ་༡༦༣༢ལོར་ཅོ་ནེའི་ཞོ་བཟང་དུ་སྐུ་བལྟམས།དབུས་སུ་མ་ཕེབས་གོང་སྨད་འདུལ་གྱི་སྡོམ་རྒྱུན་བཞེས།མཚན་ལ་ཚུལ་ཁྲིམས་དར་རྒྱས་སུ་གསོལ།སེར་སྨད་གཞུང་བ་དང་རྒྱུད་སྟོད་དུ་སློབ་གཉེར་མཛད།དགུང་གྲངས་ཞེ་བདུན་སྟེང་རྒྱལ་མཆོག་ལྔ་བ་ལས་པཎ་ཆེན་སྡོམ་རྒྱུན་གྱི་བསྙེན་རྫོགས་བསྐྱར་བཞེས་མཛད།དགུང་ལོ་ལྔ་བཞི་བ་རབ་བྱུང་བཅུ་གཅིག་པའི་ཤིང་གླང་སྟེ་སྤྱི་ལོ་༡༦༨༥ལོར་དགའ་ལྡན་གསེར་ཁྲིར་ཕེབས།རྒྱལ་དབང་དྲུག་པར་གྲགས་པ་པད་དཀར་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་དབང་ཁྲིད་མང་པོ་ཞུས།ཁྲི་ཐོག་ཞེ་དྲུག་པ་བསམ་བློ་སྦྱིན་པ་རྒྱ་མཚོའམ་ངག་དབང་དཔལ་བཟང་ཁྲིར་ལོ་གསུམ་ལས་མ་བཞུགས་པར་སྐུ་བཤེགས་པའི་རྗེས་སུ་དགའ་ལྡན་ཁྲི་བར་ཕེབས་མཁན་ཁྲི་ཐོག་ཞེ་བདུན་པ་བློ་བཟང་ཆོས་འཕེལ་མཆོག་ཡིན་ཀྱང་ཕེབས་མ་ཐུབ་པར་མངའ་རིས་སུ་ལོ་བཞི་བཞུགས་པའི་རིང་སླར་ཡང་ཅོ་ནེའི་ཚུལ་ཁྲིམས་དར་རྒྱས་མཆོག་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་སྟེ་སྤྱི་ལོ་༡༦༩༥ལོ་ནས་ལོ་ལྔའི་བར་སླར་ཡང་དགའ་ལྡན་གསེར་ཁྲིར་ཕེབས་ཤིང་དེའི་རིང་ལ་རྒྱལ་མཆོག་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དབུ་བླ་མཛད་དེ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་འབུལ་བ་སོགས་མཛད་རྗེས་ཆེ། བཤེགས་ལོ་གསལ་བོ་མ་ངེས།
༼༣༽ གའ་ལྡན་ཁྲི་ཐོག་ཞེ་དགུ་བ་ཁྲི་ཆེན་བློ་བཟང་དར་རྒྱས་མཆོག་ནི་ཅོ་ནེའི་ཁག་ལྔའི་ཁོངས་ཨ་གཟིགས་ཐང་དུ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་སྟེ་སྤྱི་ལོ་༡༦༦༢ལོར་སྐུ་འཁྲུངས། མི་རིང་བར་ཅོ་ནེའི་དགོན་ཆེན་གྱི་ཁྲི་བ་ཐབས་མཁས་རྒྱ་མཚོ་ལས་དགེ་བསྙེན་དང་རབ་བྱུང་བསྒྲུབས་ཏེ་མཚན་ལ་བློ་བཟང་དར་རྒྱས་སུ་གསོལ།དགུང་ལོ་ཉི་ཤུ་བ་ལྕགས་བྱ་སྟེ་སྤྱི་ལོ་༡༦༨༡ལོར་མདོ་སྨད་ནས་དབུས་སུ་ཕེབས་ཏེ་སེར་སྨད་གྲྭ་ཚང་གི་གཞུང་བ་ཁང་ཚན་དུ་སྒྲིགས་ཞུགས་མཛད།དགུང་ལོ་སོ་གཅིག་པ་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ་༡༦༩༢ལོར་གླིང་བསྲེའི་དགེ་བཤེས་དང་སོ་གཉིས་བར་སེ་ར་ཚོགས་ཆེན་དགེ་བསྐོས་ཀྱི་འགན་བཞེས་གནང་།དགུང་ལོ་སོ་བཞི་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་སྟེ་སྤྱི་ལོ་༡༦༩༥ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད།དགུང་ལོ་སོ་ལྔ་བར་ཕ་བོང་ཁ་བ་འཇམ་དབྱངས་གྲགས་པའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས།དེ་ནས་མི་རིང་བར་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་སྐོར་ལ་སློབ་གཉེར་གནང་།དགུང་ལོ་སོ་བདུན་པ་ས་སྟག་སྟེ་སྤྱི་ལོ་༡༦༩༦ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས།དགུང་ལོ་སོ་དགུ་བ་ལྕགས་འབྲུག་སྟེ་སྤྱི་ལོ་༡༧༠༠ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ནས་ལོ་དགུའི་རིང་འཆད་ཉན་དང་གཏོང་སྒོ་སོགས་གོང་འཕེལ་དུ་བསྐྱངས།དགུང་ལོ་ཞེ་ལྔ་བ་མེ་ཁྱི་སྟེ་སྤྱི་ལོ་༡༧༠༦ལོར་དགའ་ལྡན་ཤར་བ་ཆོས་རྗེའི་ཁྲིར་ཕེབས།དགུ་ལོ་ཞེ་དགུ་བ་ས་བྱི་སྟེ་སྤྱི་ལོ་༡༧༠༨ལོར་དགའ་ལྡན་གསེར་ཁྲིར་ཕེབས།དགའ་ལྡན་སྤྱི་གསོ་ཁང་སུམ་ཐོག་གཡབ་སྐོར་དང་བཅས་པ་གསར་རྒྱག་མཛད།དགུང་ལོ་ལྔ་དགུ་བ་ལྕགས་བྱི་སྟེ་སྤྱི་ལོ་༡༧༢༠ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ནས་ལོ་བཞིའི་རིང་བསྡུས་གྲྭ་ནས་ཕར་ཕྱིན་སྐབས་བརྒྱད་པའི་བར་གྱི་གསན་བཞེས་དང་ཞར་ལ་དབང་ལུང་སོགས་མན་ངག་མང་པོ་འབུལ་བར་མཛད།གསུངས་རྩོམ་ལ་པོད་གསུམ་ཡོད་ཚུལ་རྣམ་ཐར་ནང་གསལ་ཡང་དེང་སྐབས་ལེ་ཚན་འགའ་ཞིག་མ་གཏོགས་མཐོང་རྒྱུ་མི་སྣང་།དགུང་ལོ་དྲུག་བཅུ་རེ་གཉིས་པ་ཆུ་ཡོས་ཏེ་སྤྱི་ལོ་༡༧༢༣ལོར་སྐུ་ཞི་བར་བཤེགས།སྐུ་གདུང་ཞུགས་འབུལ་ཞུས་ནས་ཐུགས་ལྗགས་སྤྱན་གསུམ་མེས་མ་བཞེས་པ་དང་།སྤུར་རུས་གཞན་རྣམས་ནང་རྟེན་དུ་བཞུགས་པའི་གདུང་རྟེན་ཞིག་མལ་གྲོ་ཁུལ་དག་པ་རྣམ་གྲོལ་གླིང་གི་མཆོད་ཁང་དུ་བཞུགས་ཟེར།ཅོ་ནེའི་ཁྲི་ཆེན་འདི་ཚང་གི་སྐུ་ཕྲེང་རིམ་བྱོན་ལ་དག་པ་ཁྲི་ཆེན་རིན་པོ་ཆེ་ཞེས་ཞུ་ཞིང་། སྐུ་རབས་ཅི་ཙམ་སོང་ཡོད་པ་གསལ་བོ་མ་ངེས་སོ།།
༼༤༽ཁྲི་ཐོག་རེ་གཅིག་པ་ངག་དབང་ཚུལ་ཁྲིམས་མཆོག་ནི་ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡིན་ཞིང་དམ་པ་ཁོངས་ནི་བཙན་པོའི་ཅོ་ནེ་བའི་ཡུལ་གྱི་བྱེ་བྲག་དར་ཨོ་ཞེས་པར་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྟེ་སྤྱི་ལོ་༡༧༢༡ལོར་སྐུ་འཁྲུངས།དགུང་ལོ་ཆུང་ངུའི་དུས་ཤར་ཅོ་ནེའི་དགོན་ཆེན་དུ་ཆོས་ཞུགས་གནང་།དགུང་ལོ་ཉེར་གཉིས་པ་ཆུ་ཁྱི་སྟེ་སྤྱི་ལོ་༡༧༤༢ལོར་བོད་དུ་འོང་པའི་གྲྭ་རྒྱུན་གཞན་དག་དང་མཉམ་དུ་དབུས་སུ་ཕེབས།སེར་སྨད་གྲྭ་ཚང་དང་ཚ་རྡོར་ཁང་ཚན་དུ་སྒྲིགས་ཞུགས་གནང་ནས་ལོ་ངོ་བཅུ་བདུན་རིང་གཞུང་ཆེན་མོའི་སློབ་གཉེར་མཐར་ཕྱིན་པ་གནང་།དགུང་ལོ་སོ་བརྒྱད་པ་ས་སྟག་སྟེ་སྤྱི་ལོ་༡༧༥༨ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད།དེ་ནས་རྒྱུད་སྟོད་དུ་སྒྲིགས་ཞུགས་ཐོག་གསང་སྔགས་སྐོར་ལ་གསན་བཞེས་མཛད།དགུང་ལོ་སོ་དགུ་བར་རྒྱུད་པའི་དགེ་བསྐོས་ལ་བཞུགས།དགུང་ལོ་བཞི་བཅུ་བ་ལྕགས་འབྲུག་སྟེ་སྤྱི་ལོ་༡༧༦༠ལོར་བླ་མ་དབུ་མཛད་དང་དེའི་ཕྱི་ལོ་ནས་བླ་མ་དབུ་མཛད་དང་མཁན་པོ་ཟུང་འབྲེལ་གནང་།དགུང་ལོ་ཞེ་གཉིས་པ་ཆུ་རྟ་སྟེ་སྤྱི་ལོ་༡༧༦༢ལོར་ཤར་བ་ཆོས་རྗེའི་ཁྲིར་ཕེབས་ནས་མི་རིང་སྐྱབས་མགོན་རྒྱལ་བ་ཡབ་སྲས་གཉིས་ཀས་བཀའ་གནང་བ་ལྟར་པེ་ཅིན་གྱི་ཐམ་ཀ་བླ་མར་ཕེབས་དགོས་བྱུང་།དགུང་ལོ་ལྔ་བདུན་པ་མེ་བྱ་སྟེ་སྤྱི་ལོ་༡༧༧༧ལོར་བོད་རང་གི་སྲིད་སྐྱོང་དེ་མོ་རིན་པོ་ཆེ་སྐུ་བཤེགས་པས་དེའི་ཚབ་ཏུ་གོང་མ་ཆན་ལུང་གིས་བསྐོ་བཞག་བྱས་པ་ལྟར་ལྷ་སར་ཕྱིར་ཕེབས་ནས་བོད་རང་གི་སྲིད་ཀྱི་འགན་ལོ་བཅུའི་བར་མཛད།སྲིད་སྐྱོང་གནང་བའི་ཕྱི་དེ་ལོ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་སྟེ་སྤྱི་ལོ་༡༧༧༨་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་བདུན་ལ་བཞུགས།དགུང་ལོ་རེ་དྲུག་པ་མེ་རྟ་སྟེ་སྤྱི་ལོ་༡༧༨༦ལོར་པེ་ཅིན་ནས་ཅང་སྐྱ་རོལ་བའི་རྡོ་རྗེ་སྐུ་བཤེགས་སོང་བས་དེའི་ཚབ་ཏུ་ཕེབས་དགོས་ཚུལ་གོང་མ་ཆབ་ལུང་གིས་བཀའ་ཕབ་པ་ལྟར་སླར་ཡང་པེ་ཅིན་དུ་ཕེབས་ནས་ལོ་ངོ་དྲུག་བར་བཞུགས་ཏེ་ཆོས་སྲིད་གཉིས་ཀའི་མཛད་པ་རླབས་ཆེན་བསྐྱངས།སྐབས་དེར་བོད་ཡུལ་དུ་གོར་ཤས་བཙན་འཛུལ་དམག་འཁྲུག་བསླང་མགོ་ཚུགས་ཤིང་།བོད་མི་རིགས་ཀྱི་ལས་དོན་ལ་འཐུས་ཤོར་ཆེན་པོ་བྱུང་བས་བཀའ་ཤག་ནས་གོང་མ་ཆན་ལུང་ལ་ཚེ་སྨོན་གླིང་ཧོ་ཐོག་ཐུ་བོད་ཀྱི་སྲིད་སྐྱོང་ལས་དོན་མཛད་རྒྱུར་གཏོང་གནང་ཡོང་པའི་སྙན་ཞུ་ཕུལ་བ་ལྟར།དགུང་ལོ་བདུན་བཅུ་བ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་སྟེ་སྤྱི་ལོ་༡༧༩༠ལོར་བོད་དུ་ཕྱིར་ཕེབས་ནས་སྲིད་སྐྱོང་ལས་དོན་ཟླ་བ་ཁ་ཤས་མཛད་ནས་ལོ་རྗེས་མའི་ལོ་འགོར་སྐུ་བཤེགས།སྐུ་གདུང་རིལ་བོར་བཞུགས་པའི་མཆོད་རྟེན་ཁང་བའི་ཐོག་ཚད་ལོང་པ་ཞིག་སེ་ར་བཤད་སྒྲུབ་གླིང་བླ་བྲང་གི་ཤོད་ཚོམས་ཆེན་དུ་བཞུགས་ཟེར།ཁྲི་ཆེན་ཁོང་གི་རྣམ་ཐར་རྒྱས་པ་སེར་སྨད་དད་པ་མཁན་པོ་བློ་བཟང་ཐུགས་རྗེས་མཛད་པ་ཁ་བྱང་དུ་( ཁྲི་ཆེན་ཆོས་ཀྱི་རྒྱལ་བོ་ནོ་མིན་ཧན་ས་མ་ཏི་པཀྴི་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད་)སྟོད་ཆ་དང་སྨད་ཆ་བསྡོམས་པའི་ལེ་ཚན་བཅུ་གསུམ་ཡོད་པ་པོད་གཉིས་ཡོད་ཟེར།རྣམ་ཐར་བསྡུས་པ་སེར་སྨད་མཁན་པོ་གྲགས་པ་ཚུལ་ཁྲིམས་ཀྱིས་མཛད་པའི་(དགའ་ལྡན་ཁྲི་རབས་རིམ་བྱོན་གྱི་རྣམ་ཐར་ཕྱོགས་སྒྲིགས་)ལེ་ཚན་(པ་)བར་ཤོག་གྲངས་སོ་དགུ་ཡོད།
༼༥༽དགའ་ལྡན་ཁྲི་ཐོག་དོན་གསུམ་པ་ཁྲི་ཆེན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་མཆོག་ནི་ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གཉིས་པ་ཡིན། འཁྲུངས་ཡུལ་བཙན་པོའི་ཅོ་ནེ་བའི་མཛོད་གོང་ཤར་ཡིན་ཞིང་ཡབ་ཡུམ་གཉིས་ལ་སྲས་བཞི་ཡོད་པའི་ཆེ་བ་ཡིན་པ་དང་རབ་བྱུང་བཅུ་བཞི་བའི་ཆུ་བྱི་སྟེ་སྤྱི་ལོ་༡༧༩༢ ལོར་སྐུ་འཁྲུངས། དགུང་ལོ་བཞི་བ་ཤིང་ཡོས་ཏེ་སྤྱི་ལོ་༡༧༩༥ལོར་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱི་ཡང་སྲིད་དུ་དངོས་འཛིན་ཐོག་གོང་མ་ཆན་ལུང་ལ་སྙན་ཞུ་ཕུལ་བ་ལྟར་ཆོག་མཆན་ཐོབ་སྟེ་ཅོ་ནེའི་དགོན་ཆེན་དུ་གདན་དྲངས་ནས་ཁྲིར་བཀོད།དགུང་ལོ་བཅོ་ལྔ་བ་མེ་སྟག་ཏེ་སྤྱི་ལོ་༡༨༠༦ལོར་དབུས་སུ་གདན་དྲངས་ནས་སེར་སྨད་གྲྭ་ཚང་དང་ཚ་རྡོར་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་ལྔའི་སློབ་གཉེར་ཕུལ་དུ་ཕྱིན་པ་གནང་སྟེ་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས།དེ་བས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་རིམ་བཞིན་བླ་མ་དབུ་མཛད་དང་མཁན་པོ།ཤར་བ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས།དགུང་ལོ་ཉེར་བརྒྱད་པ་རབ་བྱུང་བཅུ་བཞི་བའི་ས་ཡོས་ཏེ་སྤྱི་ལོ་༡༨༡༩ལོར་བོད་ས་གནས་སྲིད་གཞུང་གིས་གོང་མར་སྙན་ཞུས་ལྟར་བོད་ཀྱི་སྲིད་སྐྱོང་དུ་བསྐོས།དེའི་ཕྱི་ལོར་གོང་མ་ཅ་ཆང་གིས་དགའ་ལྡན་ཤྲི་རལ་ཐུ་ས་མ་ཏི་པཀྴི་ཞེས་པའི་ཆོ་ལོ་སྔར་བཞིན་གནང་ཞིང་སྲིད་སྐྱོང་གི་ལས་འགན་ལོ་ཉེར་ལྔའི་རིང་བསྐྱངས།སྲིད་སྐྱོང་གནང་ནས་ལོ་བདུན་སོང་རྗེས་དགུང་སོ་བཞི་བ་སྤྱི་ལོ་༡༨༢༥ལོར་བཞི་སྡེ་གྲྭ་ཚང་གི་ཉེས་འདབས་ཤར་ངོས་དགའ་ལྡན་ཁང་གསར་རྙིང་བའི་ས་ཁོངས་སུ་(དགོན་པ་འདིའི་མིང་ལ་ཚེ་སྨོན་གླིང་ཟེར་ཞིང་དེ་ནི་དགོན་པ་འདི་བཏབ་རྗེས་མན་ཆང་གོང་མ་ཏཱ་ཀོང་གིས་བཏགས་པ་ཞིག་ཡིན་ཟེར།དགོན་འདི་ནི་ར་མོ་ཆེ་གཙུག་ལག་ཁང་གི་ནུབ་ངོས་སུ་ཆགས་ཡོད་པ་དང་།བཞི་སྡེ་གྲྭ་ཚང་གི་འདབས་འབྲེལ་ཡིན།དགོན་འདིའི་དཔེ་མཛོད་ཁང་ནང་བཀའ་འགྱུར་དང་བསྟན་འགྱུར།གསུང་འབུམ་དང་ལོ་རྒྱུས།རིག་གནས་ཀྱི་སྐོར་སོགས་དཔེ་ཆ་བྲིས་མ་དང་དཔར་མ་ཁྲི་གཉིས་ལྷག་ཙམ་ཡོད་ལ་དེ་ལས་གལ་ཆེ་བ་ཁག་ཅིག་པོ་ཏ་ལ་དང་ཞོལ་དཔེ་མཛོད་ཁང་དུ་སྤར་ཟིན་ཟེར)ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་དགོན་སྡེ་གཙུག་ལག་ཁང་དང་བཅས་པ་ཕྱག་བཏབ།དེའི་ཕྱི་ལོར་གོང་མ་ཏཱ་ཀོང་གིས་རྣམ་རྒྱལ་ཚེ་སྨོན་གླིང་ཞེས་འཁོད་པའི་བསྔགས་བརྗོད་ཀྱི་ཐོབ་གནང་།དེ་ནས་བཟུང་དགོན་པ་དང་དགོན་བདག་གཉིས་ཀར་ཚེ་སྨོན་གླིང་ཞེས་འབོད་སྲོལ་བྱུང་།དགུང་ལོ་ཞེ་དྲུག་པ་མེ་བྱ་སྟེ་སྤྱི་ལོ་༡༨༣༧ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཁྲི་ལོ་བདུན་ལ་བསྐྱངས།དམ་པ་ཁོང་གིས་སྲིད་སྐྱོང་གནང་སྐབས་ཆོས་སྲིད་གཉིས་ཀའི་ལས་དོན་བཅུན་འདོམས་ཆེ་བ་དང་ཁྲིམས་འགལ་རིགས་མཐོ་དམན་དང་ངོ་སོ་ལ་མི་ལྟ་བར་སུ་ཞིག་ཡིན་རུང་ནག་ཉེས་ཆེ་ཆུང་ལ་གཞིགས་པའི་ཁྲིམས་ཆད་ནན་པོ་གནང་བ་མ་ཟད།སྔ་རྗེས་སུ་བོད་སྡོད་ཨམ་བན་བརྒྱད་ཙམ་ལ་མཐུན་འབྲེལ་ལེགས་པོ་བྱུང་།སྲིད་སྐྱོང་གནང་རྗེས་ཀྱི་ལོ་ཉེར་ལྔ་བ་ཆུ་ཡོས་ཏེ་སྤྱི་ལོ་༡༨༤༣ལོར་ཆིས་ཧྲན་ཨམ་བན་འབྱོར་ནས་བོད་ཀྱི་ལས་དོན་ཚང་མར་ཚད་འཛིན་ཆེ་བར་མཛད་ཅིང་།ལྷག་པར་དུ་དམ་པ་ཁོང་གི་གཡོ་མེད་དྲང་པོའི་ཁྲིམས་ལུགས་ལ་མི་དགའ་བ་ཨམ་བན་དང་ཕྱོགས་མཚུངས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་སྐྱབས་དབྱིངས་སྨན་རི་བ་བློ་བཟང་སྦྱིན་པ་དང་པཎ་ཆེན་རིན་པོ་ཆེའི་ཡུམ་སྐུ་ཞབས་སོགས་ཞབས་འབྲིང་མཐོ་གྲས་ཁག་ཅིག་དང་།བོད་ས་གནས་སྲིད་གཞུང་གི་དཔོན་ངན་མཐོ་གྲས་ཁག་ཅིག་བཅས་ཚང་མ་ངན་མཐུན་གྱིས་ཆིས་ཧྲན་ཨམ་བན་བརྒྱུད་གོང་མ་ཏཱ་ཀོང་ལ་(སྲིད་སྐྱོང་ནོ་མིན་ཧན་གྱི་ནག་ཁྲ་)ཟེར་བའི་མ་ཉེས་ཁ་གཡོགས་ཀྱི་སྙན་ཞུ་ཕུལ་བར་བརྟེན་དགུང་ལོ་ང་གསུམ་པ་ཤིང་སྦྲུལ་ཏེ་སྤྱི་ལོ་༡༨༤༥ལོར་གོང་མའི་བཀའ་ལྟར་སྲིད་སྐྱོང་གི་ཁྲི་ལས་ཕབས་ཏེ་ཧེ་ལུང་ཅང་ཞང་ཆེན་དུ་རྒྱང་འབུད་ཐོག་བཙོན་འཇུག་དོ་དམ་འོག་བཞག་སྟེ་ཕྱིན་ཆད་ཡང་སྲིད་རྩད་མི་ཆོག་པའི་ཁྱབ་བསྒྲགས་དང་རྡོ་རིང་ཞིག་ཀྱང་བསླངས་ཟེར།ལོ་ཤས་སོང་རྗེས་སྲིད་སྐྱོང་རིན་པོ་ཆེའི་ཕ་ཡུལ་ཅོ་ནེ་དགོན་ཆེན་གྱི་ལས་སྣེ་དང་གྲྭ་མང་།ཅོ་ནེའི་མངའ་སྡེ་བཅས་ནས་གོང་མར་སྙན་ཞུ་ཡང་ཡང་ཕུལ་བ་ལྟར་རང་ཡུལ་གྱི་དགོན་པར་བཞུགས་ཆོག་པའི་ཆོག་མཆན་ཐོབ་པ་ལྟར་སྐུ་ཚེའི་སྨད་དུ་ཅོ་ནེའི་དགོན་ཆེན་དུ་བཞུགས་ནས་མདོ་སྨད་ཕྱོགས་ཀྱི་དགོན་ཁག་མང་པོར་མདོ་སྔགས་ཀྱི་འཆད་སྤེལ་གནང་ཐུབ་པ་བྱུང་།དགུང་ལོ་དོན་གཅིག་པ་རབ་བྱུང་བཞི་བའི་ཆུ་ཁྱི་སྟེ་སྤྱི་ལོ་༡༨༦༢ལོར་སོག་ཡུལ་ཐོར་གོལ་ཁུལ་དུ་གདན་ཞུ་བྱུང་བ་ལྟར་ཕེབས་ནས་ཆོས་འཆད་སྤེལ་རྒྱ་ཆེར་གནང་རྗེས་སྐུ་བཤེགས།(ཞར་བཀོད། སྲིད་སྐྱོང་རིན་པོ་ཆེ་ཚེ་སྨོན་གླིང་ནས་འཛིན་བཟུང་བཙོན་འཇུག་བྱས་རྗེས་སེར་སྨད་ཀྱི་ཟིང་འཁྲུག་ཟེར་བ་བྱུང་ཞིང་འདི་སྐོར་དཔྱད་གཞི་ཆེ་བས་རྗེས་སུ་དམ་པ་ཁོང་གི་མཛད་རྗེས་སྲིད་སྐྱོང་ནོ་མོན་ཧན་གྱི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་ནག་ཁྲའི་གཡའ་སེལ་ཞེས་པ་ཞིག་འབྲི་འདོད་ཡོད་པས་འདིར་མ་བྲིས་པ་ཡིན་)།དམ་པ་འདི་ཚང་གི་རྣམ་ཐར་དང་ལོ་རྒྱུས་ཡིག་ཆར་འཁོད་པ་དེ་སྔོན་མེད་པའི་ཐོག་ཕྱིས་སུ་བྲིས་པ་རེ་ཟུང་ཀྱང་སྒྲོ་འདོགས་མང་སྟབས་འདིར་མ་བྲིས་པ་ཡིན་ལ།ལྷག་པར་དུ་སྲིད་དོན་ལོ་རྒྱུས་བྲིས་ཡོད་པ་དེ་ལས་ཀྱང་ཉུང་བ་རེད།གཞན་དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པའི་རྣམ་ཐར་ནང་གསལ།
༼༦༽དགའ་ལྡན་ཁྲི་ཐོག་དོན་བཞི་བ་ཁྲི་ཆེན་བློ་བཟང་ལྷུན་གྲུབ་མདོ་སྨད་བཙན་པོའི་ཅོ་ནེའི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་སྟེ་སྤྱི་ལོ་༡༧༨༡ལོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་པ་མེ་སྦྲུལ་ཏེ་སྤྱི་ལོ་༡༧༩༧ལོར་གྲྭ་རྒྱུན་དང་མཉམ་དུ་དབུས་སུ་ཕེབས།སེར་སྨད་གྲྭ་ཚང་དང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་ལྔའི་སློབ་གཉེར་ཐོན་རྗེས།དགུང་ལོ་སོ་གསུམ་པ་ཤིང་ཁྱི་སྟེ་སྤྱི་ལོ་༡༨༡༤ལོར་དགུན་ཁའི་དགེ་བཤེས་གླིང་བསྲེ་གནང་།དགུང་ལོ་སོ་དྲུག་པ་མེ་བྱི་སྟེ་སྤྱི་ལོ་༡༨༡༦ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མིག་དཔེར་འོས་པ་མཛད།དེ་ལོའི་དབྱར་ཐོག་རྒྱུད་སྨད་དུ་ཞུགས་ནས་ལོ་བཅུའི་རིང་གསང་སྔགས་ཀྱི་སློབ་གཉེར་གནང་།དགུང་ལོ་ཞེ་དྲུག་པ་མེ་ཁྱི་སྟེ་སྤྱི་ལོ་༡༨༢༦ལོར་རྒྱུད་སྨད་བླ་མ་དབུ་མཛད་དང་།དགུང་ལོ་ཞེ་དགུ་བ་ས་གླང་སྟེ་སྤྱི་ལོ་༡༨༢༩ལོར་རྒྱུད་སྨད་མཁན་པོར་བཞུགས།དགུང་ལོ་ང་བདུན་པ་མེ་བྱ་སྟེ་སྤྱི་ལོ་༡༨༣༧ལོར་དགའ་ལྡན་བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས།དགུང་ལོ་རེ་གསུམ་པ་ཆུ་ཡོས་ཏེ་སྤྱི་ལོ་༡༨༤༣ལོར་དགའ་ལྡན་གྱི་ཁྲིར་ཕེབས།དེའི་ཕྱི་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས།དགའ་ལྡན་གསེར་ཁྲི་ལོ་བཞིར་བསྐྱངས།མཐར་དགུང་གྲངས་རེ་དྲུག་པ་རབ་བྱུང་བཅུ་བཞི་བའི་མེ་ལུག་སྟེ་སྤྱི་ལོ་༡༨༤༧ལོར་སྐུ་བཤེགས།དམ་པ་འདི་བའི་རྣམ་ཐར་མདོར་བསྡུས་ཤིག་ཞལ་སློབ་རྒྱལ་རོང་དགེ་བཤེས་(འདི་ཚང་གི་མཚན་ངོས་མི་གསལ) ཟེར་བ་ཞིག་གིས་མཛད་པ་དཔར་མ་ལ་ཤོག་གྲངས་རེ་དགུ་ཡོད་སྐད་འདུག།
༼༧༽དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཁྲི་ཆེན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གསུམ་པ་ཡིན།དམ་པ་ཁོང་ནི་མདོ་སྨད་ཅོ་ནེ་རྫོང་གི་ཉེ་འདབས་ཐང་སྒང་ཤ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅུ་བཞི་བའི་ཆུ་ཕག་སྟེ་སྤྱི་ལོ་༡༨༦༣ལོར་སྐུ་འཁྲུངས།བྱིས་པའི་དུས་ནས་གཞན་དང་མི་འདྲ་བའི་མཛད་སྤྱོད་ངོ་མཚར་ཅན་ཡོད་པར་བརྟེན་ཅོ་ནེ་དགོན་ཆེན་དང་ས་གནས་དཔོན་པོ་རྣམས་ཀྱིས་གོང་མ་ཐུང་ཀྲི་ལ་ཁྲི་ཆེན་ཚེ་སྨོན་གླིང་གི་ཡང་སྲིད་དུ་ངོས་འཛིན་ཆོག་པའི་སྙན་ཞུ་ཕུལ་ཡང་དོན་སྨིན་མ་བྱུང་བར་དགུང་གྲངས་བཅུ་དྲུག་མ་སླེབས་བར་དུ་ཅོ་ནེའི་དགོན་ཆེན་དུ་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས་དགོས་བྱུང་།དེ་ཡང་སྐུ་གོང་མའི་ནག་ཁྲ་ཟེར་བ་དེ་དང་བོད་གཞུང་གི་དཔོན་ངན་མང་པོའི་ངན་སེམས་དང་ཕྲག་དོག་ལས་བྱུང་བ་རང་རེད།རབ་བྱུང་བཅོ་ལྔ་བའི་ས་ཡོས་ཏེ་སྤྱི་ལོ་༡༨༧༩ལོར་བཙན་པོའི་ཅོ་ནེ་བའི་མངའ་འབངས་ཆས་པའི་གཤིས་ཀྱི་བླ་མ་དཀར་པོ་སྐུ་ཕྲེང་དང་པོ་ཚ་ཀན་ཧོ་ཐོག་ཐུ་རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཤིན་ཅང་དུ་ཡོད་པའི་ཅང་ཅུན་(དམག་དཔོན)དང་ཨམ་བན་གཉིས་བརྒྱུད་ནས་གོང་མ་བཀང་ཞུས་ལ་སྙན་ཞུ་ཕུལ་ཏེ།ཁྲི་ཆེན་ཚེ་སྨོན་གླིང་སྐུ་གོང་མ་འཇམ་དཔལ་ཚུལ་ཁྲིམས་མཆོག་ནས་བོད་ཀྱི་སྲིད་སྐྱོང་གནང་སྐབས་གོང་མའི་ཞབས་འདེགས་དང་ལྷག་པར་ཏུ་བོད་ཀྱི་ལས་དོན་ཐད་མཛད་རྗེས་ཆེན་པོ་ཡོད་ཀྱང་།ཨམ་བན་ཆིས་ཧྲན་དང་བོད་ལྗོངས་ཀྱི་དཔོན་ངན་ཁག་ཅིག་གིས་མི་བདེན་རྫུན་སྒྲིག་བྱས་ཏེ་ནག་ཉེས་འདི་དང་འདི་བྱས་ཀྱི་རྒྱུ་མཚན་གང་ཡང་མེད་པར་གོང་མ་ཏཱ་ཀོང་ལ་དབྱེན་སྦྱོར་ཞུ་ལོག་ཕུལ་བར་བརྟེན་གོང་གསལ་གཏན་འབེབས་དེ་དག་སྐྱོན་སེལ་དཀར་འདོན་ཐོག་ཡང་སྲིད་ངོས་འཛིན་ཞུས་ཏེ་སེ་ར་དགོན་པར་ཆོས་ཞུགས་མཛད་ཆོག་པ་ཞེས་ཞུས་པར།ཞུ་དོན་ཚང་མ་དོན་འཁྱོལ་ཐོག་བླ་སྤྲུལ་ཆེན་པོའི་གོ་གནས་མ་གཏོགས་ཧོ་ཐོག་ཐུའི་གོ་གནས་བཟུང་མི་ཆོག་ཅེས་བཀའ་ཕབས་པ་ལྟར།དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་རབ་བྱུ་བཅོ་ལྔ་བའི་ཆུ་ལུག་སྟེ་སྤྱི་ལོ་༡༨༨༣ལོར་ཅོ་ནེའི་དགོན་ཆེན་ནས་དབུས་སུ་ཕེབས།ཚོགས་ཆེན་སྤྲུལ་སྐུ་ཆེ་བའི་གོ་གནས་ཙམ་གྱི་ཐོག་སེར་སྨད་གྲྭ་ཚང་ཚ་རྡོར་ཁང་ཚན་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་མོའི་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།དེ་ནས་རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་ཆབས་གཅིག་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་དཀའ་གནད་གསན་བཞེས་མཛད་དེ་རིམ་བཞིན་བླ་མ་དབུ་མཛད་དང་མཁན་པོ།ཤར་བ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས།འདི་དག་གི་རིང་ལ་མཛད་སྤྱོད་ངོ་མཚར་བའི་བཤད་རྒྱུན་མང་པོ་འདུག་ཀྱང་འདིར་མ་བྲིས།དགུང་ལོ་ཞེ་ལྔ་བ་རབ་བྱུང་བཅོ་ལྔ་བའི་མེ་ལུག་སྟེ་སྤྱི་ལོ་༡༩༠༧ལོར་དགའ་ལྡན་གྱི་གསེར་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་ལ་བསྐྱངས།དགའ་ལྡན་གསེར་ཁྲིར་ཕེབས་པའི་ལོ་བཞི་བ་ལྕགས་ཁྱི་སྟེ་སྤྱི་ལོ་༡༩༡༠ལོར་ལུ་ཙི་ཅུན་(川军འདི་ལ་ལོ་རྒྱུས་སུ་ཁྲོན་དམག་ཟེར་བ་དེ་རེད་འདུག)གྱི་དམག་ལྷ་སར་འབྱོར་ཞིང་བོད་རིགས་ས་ཁུལ་ནས་དགོན་སྡེ་མང་པོ་གཏོར་བ་དང་།བོད་མི་གྲངས་ལས་འདས་པར་དམར་གསོད་ཀྱི་དོན་རྐྱེན་བྱུང་སྐབས།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ལྷ་སར་བཞུགས་བཟོད་མ་བདེ་པར་རྒྱལ་གར་ཕྱོགས་སུ་གཉེན་གཡོལ་དུ་ཕེབས་པར་དམ་པ་འདི་ཉིད་དགའ་ལྡན་ཁྲི་བའི་མཛད་ཁུར་སྐྱོང་བཞིན་པར་སྐུ་ཚབ་ཏུ་བསྐོ་བཞག་གནང་བ་ལྟར་ལོ་ངོ་བཞིའི་རིང་སྲིད་སྐྱོང་གི་འགན་བཞེས་གནང་།དགུང་ལོ་ང་གཅིག་པ་རབ་བྱུང་བཅོ་ལྔ་བའི་ཆུ་གླང་སྟེ་སྤྱི་ལོ་༡༩༡༣ལོར་ལྷ་སའི་རྒྱ་བོད་ཟིང་འཁྲུག་ལྷིང་འཇགས་ཐོག་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ནས་བོད་ཡུལ་དུ་ཕྱིར་ཕེབས་གནང་རྗེས་རྒྱ་བོད་ཟིང་འཁྲུག་ལྷིང་འཇགས་སྐབས་བྱས་རྗེས་ཆེ་བའི་དགོན་སྡེ་ཁག་དང་།བླ་སྤྲུལ།དཔོན་རིགས་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་ཞིང་ཁྱད་པར་དུ་ཅོ་ནེའི་དམ་པ་འདི་ཉིད་ལ་ཧོ་ཐོག་ཐུའི་གོ་གནས་རང་འཇགས་བསྐྱར་གསོའི་ཐོག་དེ་སྔོན་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པར་ཉེས་ཆད་བྱུང་སྐབས་གཞུང་བཞེས་བྱས་པའི་མཆོད་གཞིས་ཁག་ནས་ཉུང་ཤས་ཤིག་ཕྱིར་ལོག་གསོལ་རས་གནང་།མཐར་དགུང་ལོ་ང་བརྒྱད་དུ་ཕེབས་པ་རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ་ཏེ་སྤྱི་ལོ་༡༩༢༠ལོར་སྐུ་ཞི་བར་བཤེགས་པ་ལགས་སོ།
རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།