中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། བོད་ཀྱི་ལོ་རྒྱུས་ཐོག་ཕྱི་རྒྱལ་དུ་ཚན་རྩལ་སྦྱོང་བར་མངགས་པའི་སློབ་གྲྭ་བ་ཁག་དང་པོ།
དུས་ཚོད།2016-07-20 15:48:01     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས་འཕྲིན་སྟེགས།    ཆུང་། | འབྲིང་། | ཆེ།
    བོད་ཀྱི་ལོ་རྒྱུས་ཐོག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སློབ་གྲྭ་བ་མངགས་པའི་ལོ་རྒྱུས་དེ་དུས་རབས་བདུན་པའམ་དེ་ལས་སྔར་མོ་ནས་ཡོད་མོད།ཕལ་ཆེར་ནང་བསྟན་ཆོས་སློབ་པར་འགྲོ་བའི་སློབ་གྲྭ་བ་དག་ཡིན་ཞིང་སྤྱི་ཚོགས་ཚན་རིག་དང་སྒོས་སུ་ཚན་རྩལ་སློབ་པར་མངགས་པ་དང་འགྲོ་བའི་སློབ་གྲྭ་བ་ནི་ཉིན་མོའི་སྐར་མ་ལས་དཀོན།
   དུས་རབས་བཅུ་དགུ་བར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་བཙན་འཛུལ་བྱས་རྐྱེན་བོད་ལ་དབྱིན་འགོག་དམག་འཁྲུག་ཐེངས་མ་གཉིས་ལངས་པ་དང་། རྗེས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་རྒྱ་གར་དུ་ཉེ་རབས་ཀྱི་འཛུགས་སྐྲུན་མང་བོ་བྱས་ཡོད་པ་གཟིགས་རྗེས་སྐུལ་མ་ཆེན་པོ་ཐེབས་ཏེ་བོད་དུ་བཅོས་བསྒྱུར་དང་འཛུགས་སྐྲུན་འགའ་ཞིག་བྱ་དགོས་དགོངས་པར་བརྟེན། ལྷ་སའི་མི་དྲག་གི་གཞོན་ནུ་ཁག་གཅིག་དབྱིན་ཇི་དང་རྒྱ་གར་དུ་སློབ་སྦྱོང་བྱེད་དུ་མངགས། ཁག་དང་པོར་དབྱིན་ཇི་རུ་གཏེར་འདོན་ལག་རྩལ་དང་ཐིག་ལེན་དཔེ་རིས་འབྲི་བའི་ཤེས་བྱ། གློག་རླངས་ཨར་ལས། དམག་དོན་བཅས་སྦྱོང་མཁན་སློབ་གྲྭ་བ་བཞི་མངགས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ནང་བཀོད་པར་གཞིགས་ན། བྱང་ངོས་པ་རིག་འཛིན་རྡོ་རྗེ་དང་སྨོན་གྲོང་མཁྱེན་རབ་ཀུན་བཟང་། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་བཞི་དབྱིན་ཇིར་སློབ་སྦྱོང་བྱེད་པར་གཏོང་སྐབས། བཀའ་ཤག་གིས་རྩིས་དཔོན་ལུང་ཤར་སློབ་གྲྭ་བ་དེ་ཚོར་ལྟ་སྐུལ་བྱེད་མཁན་དུ་བསྐོས་པ་རེད། དེ་ནས་རྩིས་དཔོན་ལུང་ཤར་གྱིས1915ལོར(མིན་གོའི་སྲིད་ལོ4བ)སློབ་གྲྭ་་བ་རྣམས་ཁྲིད་ནས་དབྱིན་ཇིའི་ལུན་ཏུན་གྲོང་ཁྱེར་དུ་ཕྱིན་པ་རེད། བྱང་ངོས་པ་རིག་འཛིན་རྡོ་རྗེས་གློག་གི་འཕྲུལ་འཁོར་སློབ་སྦྱོང་དང་སྐྱིད་སྦུག་པ་དབང་འདུས་ནོར་བུས་གློག་འཕྲིན་སློབ་སྦྱོང་། སྨོན་གྲོང་མཁྱེན་རབ་ཀུན་བཟང་གིས་གཏེར་ཁ་འདོན་ཚུལ་སློབ་སྦྱོང་། སྒོག་མཁར་བ་བསོད་ནམས་མགོན་པོས་དམག་དོན་སློབ་སྦྱོང་བཅས་བྱས་པ་རེད། 1920ལོར་ཁོ་ཚོ་བོད་དུ་ཕྱིར་ལོག་རྗེས། སྐྱིད་སྦུག་པ་དབང་འདུས་ནོར་བུས་ལྷ་སའི་ཏར་ཁང་འཛུགས་རྒྱུའི་སྟ་གོན་བྱེད་འགོ་བཙུགས་ཏེ་ལྷ་ས་ནས་རྒྱལ་རྩེའི་བར་གྱི་གློག་སྐུད་འཐེན་ཅིང་།(རྒྱལ་རྩེ་ནས་རྒྱ་གར་བར་གྱི་གློག་སྐུད་དབྱིན་ཇིས་འཐེན)རྗེས་སུ་ཏར་ཁང་གི་གཙོ་འགན་ཁུར་བ་རེད། སྒོག་མཁར་བ་བསོད་ནམས་མགོན་པོ་ཡུན་རིང་མ་སོང་བར་ཤི་བ་རེད། སྨོན་གྲོང་མཁྱེན་རབ་ཀུན་བཟང་བོད་དུ་ཕྱིར་ལོག་རྗེས་བཀའ་ཤག་གིས་ཁོ་ལྷ་སའི་བྱང་རིར་གསེར་གྱི་གཏེར་ཁ་འདོན་པར་བཏང་སྐབས་ས་འོག་ནས་སྦལ་བ་གཅིག་ཐོན་པས་གྲྭ་བ་རྣམས་ཀྱིས་དེ་ནི་བཀྲ་མི་ཤིས་པའི་རྟགས་རེད་ཅེས་བཤད་ནས་ངོ་རྒོལ་དྲག་པོ་བྱས་པའི་རྐྱེན་གྱིས། གཏེར་ཁ་འདོན་མཚམས་མ་བཞག་ཀ་མེད་བྱུང་། དེ་ནས་ཡུན་རིང་མ་འགོར་བར་སྨོན་གྲོང་མཁྱེན་རབ་ཀུན་བཟང་ཡང་ཤི་བས་དེ་ནས་བཟུང་གཏེར་ཁ་འདོན་པའི་ལས་དོན་དེ་བདག་གཉེར་བྱེད་མཁན་མེད་པར་གྱུར། བྱང་ངོས་པ་རིག་འཛིན་རྡོ་རྗེས་རྗེས་སུ་ལྷ་སའི་འཕྲུལ་འཁོར་བཟོ་གྲྭ་བདག་གཉེར་བྱེད་རྒྱུའི་ལས་འགན་ཁུར་བ་མ་ཟད།
1927ལོར(མིན་གོའི་སྲིད་ལོ16པ)ལྷ་སའི་ཆུ་ཤུགས་གློག་འདོན་ཁང་བཙུགས་ནས་གྲོང་ཁྱེར་ལྷ་སར་གློག་ཞུ་སྤར་རྒྱུ་བྱུང་བ་རེད། དེ་ནས་བོད་ཀྱིས་དབྱིན་ཇིའི་ལུན་ཏུན་དུ་སློབ་གྲྭ་བ་བཏང་མེད་རུང་།རྒྱ་གར་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་མི་ཉུང་བ་ཞིག་བྱུང་།།
རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།