中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཡུལ་གྲུ་རྒྱ་བསྐྱེད་པའི་སྐོར།
དུས་ཚོད།2016-07-27 09:13:09     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས།    ཆུང་། | འབྲིང་། | ཆེ།
  སྤྱིར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི་སྤུ་རྒྱལ་གདུང་རབས་ཀྱི་ཕྲེང་བའི་ནང་རྒྱལ་ཐབས་ཀྱི་འཕྲིན་ལས་ཕྱོགས་བཞིར་བསྐྱེད་ཅིང་།བོད་ཁམས་ཀྱི་སྟོབས་འབྱོར་མངའ་ཐང་དར་ལ་དྲག་པར་མཛད་པའི་ཕྱག་རྗེས་རླབས་པོ་ཆེ་དང་ལྡན་པའི་རྒྱལ་པོ་ཞིག་ཡིན་ཞིང་།    རྒྱལ་པོ་འདི་ཉིད་ཀྱི་རིང་ཐང་རྒྱལ་རབས་ཉམས་རྒུད་ཀྱི་གནས་སུ་བཞུད་པའི་གོ་སྐབས་དང་བསྟུན་ནས་སྔར་ཐང་ལ་ཤོར་བའི་ཤིན་ཅང་ཁུལ་གྱི་ཞིང་ཆེན་པོ་བཞི་སླར་ཡང་ཚུར་བླངས།དེ་ནས་རྒྱལ་པོའི་བཀའ་ཁྱབ་ལྟར་བོད་ཆུ་ཡོས༼ སྤྱི་ལོ་༧༦༣ ༽ལོར་ཞང་རྒྱལ་གཟིགས་དང་།བློན་སྟག་དགྲ་ཀླུ་ཁོང་།    ཞང་སྟོང་རྩན་ལ་སོགས་ཀྱིས་བོད་དམག་འབུམ་ཕྲག་ཙམ་དྲངས་ཏེ་ལཱན་ཀྲོའུ༼兰州༽དང་།ཧའོ་ཀྲོའུ༼河州༽།ཧྲན་ཀྲོའུ༼鄯州༽།ཐའོ་ཀྲོའུ༼洮州༽སོགས་ཕབ་པས་ལོང་ཡོའུ་ཚང་མ་བོད་ལ་ཤོར། དེ་ནས་རིམ་གྱིས་ཅིན་ཀྲོའུ༼泾州༽ དང་།ཧྥུན་ཀྲོའུ༼分州༽།ཧྥེང་ཐེན༼奉天༽།བེའུ་ཀོང༼武功༽སོགས་ཐང་གི་མཁར་རྫོང་མང་པོ་དབང་དུ་བཅུག གོང་མ་ཐང་ཏའེ་ཙུང༼唐代宗༽འཁོར་དང་བཅས་པ་ཧྲན་ཀྲོའུ༼陕州༽ཕྱོགས་སུ་མི་འགྲོ་ཐབས་མེད་བྱུང་།བོད་དམག་རྒྱལ་ས་ཁྲང་ཨན་དུ་འབྱོར་ཕྱིན་གྱིམ་ཤིང་ཀོང་ཇོའི་དབོན་ཀོང་ཝུའུ་ཝང་ལིས་ཁྲོན་ཧོང༼光武王李承宏༽བྱ་བ་གོང་མར་བསྐོས། ལོ་མིང་སྤོས།དཔོན་སྣ་གསར་དུ་བསྐོ་བཞག་མཛད།དེ་ལྟར་གྲོང་ཁྱེར་དེ་ཉིན་བཅོ་ལྔ་ཙམ་དུ་བཟུང་རྗེས།    མཐར་ཚ་བ་མ་ཐེག་པར་དཔུང་ཁ་ཕྱིར་ལྡོག་སྟེ་ཏུན་ཡོན༼屯原༽དང་།ཧུའེ༼会州༽ཁྲིན༼成州༽ཝེ༼渭州༽ཀྲོའུ་སོགས་ཀྱི་བར་ཕྱིར་འཐེན་བྱས།འདི་དུས་ཀྱི་ལོ་ཤས་རིང་ཐང་བོད་བར་དམག་འཐབ་ཡང་ཡང་ལངས་ཤིང་།   ཐང་གི་ཀྲོའུ་ཁག་བཅུ་ལྷག་ཙམ་བོད་བཙན་པོའི་དབང་དུ་བཅད་ནས་དེ་ཕྱོགས་སུ་མཐོང་ཁྱབ་ཁྲི་ལྡེ་ལྔ་བཙུགས་ཤིང་བདེ་བློན་གྱི་ཁམས་ཆེན་པོ་གཅིག་གསར་དུ་བསྐྱེད་པ་དང་།དེ་ནས་བོད་ཆུ་ཕག༼ སྤྱི་ལོ་༧༨༣༽ལོར་བོད་ཐང་གི་ས་མཚམས་ལོང་ཧྲན་ལ་རྒྱུད་སོགས་ཡིན་པར་ཡུལ་གྱི་རྒྱལ་པོ་གཉིས་འདུམ་འགྲིག་ཅིང་ལོ་ཤས་རིང་ཞི་མཐུན་མཉམ་གནས་སུ་རྒྱུར་མོད།   ཡང་བོད་མེ་སྟག༼ སྤྱི་ལོ་༧༨༦ ༽ལོར་བོད་ཀྱིས་འདུམ་བཤིག་སྟེ་ཁྲང་ཨན་ནུབ་ཀྱི་མཁར་རྫོང་དུ་མར་དཔུང་དྲངས།ཡན༼燕༽དང་ཞཱ༼夏༽སོགས་ཐང་གི་ས་གནས་མང་པོ་ཕབ། གནས་བབས་དེ་ལྟ་དེ་དུས་སུ་བོད་བཙན་པོའི་དམག་གིས་མཐའ་བཞིའི་རྒྱལ་ཁབ་གཞན་ལའང་དཔུང་སྣ་དྲངས་པར་བརྟེན།བོད་ཀྱི་དམག་ཤུགས་ནི་ནུབ་སྟག་གཟིག་དང་།ལྷོ་རྒྱ་གར།ཤར་མི་ཉག་སོགས་སུ་ཐུག་པར་བཤད་ལ། རྒྱུ་མཚན་དེ་བས་ན་སྐབས་བབ་ཀྱི་རྒྱལ་པོ་དེ་ཉིད་ལའང་སྔོན་བྱོན་མཁས་པ་ཕལ་མོ་ཆེའི་ཞལ་ནས་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཅེས་ཆེ་བར་བརྗོད་པའང་མིང་དོན་མཐུན་པར་ངེས་སོ།།
རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།