中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། བོད་ཀྱི་བུད་མེད་སྲིད་གཉེར་བ་ཆེན་མོ་ཁྲི་མ་ལོད།
དུས་ཚོད།2016-07-29 15:52:30     རྩོམ་གྱི་ཡོང་ཁུངས། བཙན་པོའི་རིག་གནས་འཕྲིན་སྟེགས།     ཆུང་། | འབྲིང་། | ཆེ།
    སྤྱི་ལོ653པའི་ཡས་མས་སུ་འབྲོ་བཟའ་ཁྲི་མ་ལོད་འཁྲུངས་ཤིང་།   ནར་སོན་ནས་བོད་རྒྱལ་མང་སྲོང་མང་བཙན་གྱི་བཙུན་མོ་མཛད།   སྤྱི་ལོ679ལོར་རྒྱལ་པོ་མང་སྲོང་མང་བཙན་དང་ཁོང་མོ་གཉིས་ཀྱི་སྲས་སུ་འདུས་སྲོང་མང་བོའི་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་བོ་སྒྲགས་ཕུར་བལྟམས།    རྒྱལ་སྲས་མ་བལྟམས་པའི་ཞག་བདུན་གྱི་སྔ་རོལ་དུ་ཡབ་མང་སྲོང་མང་བཙན་འདས་ཤིང་རྒྱལ་སྲིད་ཀྱི་ཐབས་ལ་འབྲོ་བཟའ་ཁྲི་མ་ལོད་རང་ཉིད་གཙོར་བྱས་མགར་གཉན་ལྡེམ་བུ་དང་རས་ཏ་རེ་ཁོང་ལོད་བཅས་ཀྱིས་སྲིད་བསྐྱངས་ཏེ་རྒྱལ་སྲིད་མ་ཉམས་བརྟན་པར་བསྲུངས་པ་སྟེ།   རྒྱལ་སྲས་འཁྲུངས་མ་ཐག་ནས་ལོ་གསུམལ་མ་སླེབས་པར་ཡབ་གཤེགས་པ་གསང་བའི་ཚུལ་མཛད།   སྲས་ལོ་གསུམ་གྱི་ཐོག་རྒྱལ་སྲིད་ལ་མངའ་སྲོལ་གསོལ་བའི་ཚུལ་མཛད།  སྲས་དགུང་ལོ་ཆུང་བའི་དུས་སུ་ཆབ་སྲིད་ཀྱི་འགན་དབང་ཁོ་མོས་མཛད་པ་དང་།   ཞང་ཞུང་དང་འ་ཞའི་ཡུལ་གཉིས་ཀྱི་ཚོ་བ་འགས་ངོ་ལོག་བྱས་པ་བཅོམ་ནས་རྒྱལ་སྲིད་ལ་གནོད་པ་མ་ཐེབས།   ལྷག་པར་ཁོ་མོས་རང་རྒྱལ་སྲས་ཀྱི་སྐུ་སྲུང་དུས་ཀུན་དུ་མཛད་དེ་རྒྱལ་སྲས་ནར་སོན་རྗེས་སྲིད་དབང་སྤྲད།     དེའི་སྐབས་སུ་ཁོ་མོ་གཙོར་བྱས་བློན་པོ་དག་གིས་ཕྱིར་དམག་དྲངས་ཏེ་ཡུལ་མཚམས་བརྟན་སྲུང་གི་ལས་རྒྱ་ཆེར་སྤེལ་བ་སྟེ།   དེང་སང་ཡུན་ནན་ཏེ་འཇང་ཡུལ་དབང་དུ་བསྡུས་པ་དང་།    ནང་ཁུལ་བདེ་འཇགས་ཀྱི་ཆེད་དུ་ཞི་མཐུན་གྱི་གཉེན་འབྲེལ་བཙུགས།
    སྤྱི་ལོ688ལོར་བཙན་པོའི་སྲིང་མོ་ཁྲི་མོ་སྟེངས་ཞེས་པ་དྭགས་ཡུལ་དུ་གནས་ལ་བརྫངས་ཤིང་།  དེའི་ཕྱི་ལོར་བཙན་མོ་ཁྲི་སྟེངས་ཞེས་པའང་འ་ཞའི་རྗེ་ལ་བཙུན་མོར་བསྐྱལ།   མགར་གྱི་བུ་འབྲིང་བ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་མགར་སྟོང་བཙན་གྱི་བློན་གནས་མཐུད་བཟུང་བྱས་ཏེ་སྲིད་དོན་ལ་མཛད་འབྲས་ཆེར་ཐོན་ནས་གཟེངས་བསྟོད་ཆེར་བྱས་པ་ལ།   དེའི་བུ་རྒྱུད་རྣམས་ལས་འགའ་ཞིག་ང་རྒྱལ་གྱིས་ཁེངས་པས།   འབངས་རྣམས་འཇིགས་ཤིང་བཙན་པོར་ལྟར་སྣང་དུ་གུས་པ་ལས་དོན་ལྡན་དུ་དེ་ཙམ་མི་བྱཻད་པ་དང་།   རྗེ་བློན་དག་གིས་མགར་གྱི་བུ་རྒྱུད་ལས་ཁེངས་དྲེགས་ཆེ་རིགས་ཁ་ཤས་ཚར་བཅད་པ་དང་རྒྱང་ཕུད་བཏང་སྐད།   རྒྱལ་སྲས་འདུས་སྲོང་མང་པོ་རྗེར་མཆིན་བཟའ་བཙན་མོ་རྟོག་གེ་ཁབ་ཏུ་བཞེས་སུ་བཅུག་ནས་རྒྱལ་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་སྤྱི་ལོ698ལོར་འཁྲུངས།   སྤྱི་ལོ709ལོར་འདུས་སྲོང་མང་བོ་རྗེ་འཇང་ཡུལ་དུ་དམག་ཐོག་ནས་སྐུ་གཤེགས་རྗེས།    རྒྱལ་ཡུམ་ཁྲི་མ་ལོད་ཀྱིས་ཡང་རྒྱལ་ཚ་ཁྲི་ལྡེ་གཙུག་བརྟན་དགུང་ལོ་གསུམ་པར་རྒྱལ་སྲིད་ལ་མངའ་གསོལ་ནས་རྒྱལ་སྲིད་སྐྱོང་རོགས་མཛད་བཞིན་སྤྱི་ལོ712ལོར་གཤེགས།
       2015ལོའི་དཔལ་ལྷའི་དུས་ཆེན་ལ་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་དྲན་གསོའི་ཚུལ་དུ་གཤམ་ལྟར་བྲིས་སོ།
     དཔའ་བའི་དཔུང་གིས་མཐའ་བཞི་དབང་དུ་བྱས།།
       མཛངས་མའི་སྤྱོད་པས་བོད་ཁམས་དབང་དུ་བསྡུས།།
      བཙན་པོའི་དམག་གིས་རྒྱ་འཇང་ཟིལ་གྱིས་མནོན།།
 ཐུ་བྷོད་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད།།
རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།