中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། ཧོར་གྱི་རྒྱལ་རབས།
དུས་ཚོད།2016-08-10 17:21:48     རྩོམ་གྱི་ཡོང་ཁུངས། ཝེ་ཁེ་རིག་མཛོད།    ཆུང་། | འབྲིང་། | ཆེ།
    《ཧོར་ཆོས་འབྱུང》ལས་རྒྱལ་བོ་གྲི་གུམ་བཙན་པོའི་དུས་བློན་པོ་ལོ་ངམ་ཞེས་པས་རྒྱལ་བོ་བཀྲོངས་ནས། དེའི་བུ་བྱ་ཁྲི། ཤ་ཁྲི། ཉ་ཁྲི་ཟེར་བ་གསུམ་སྤོ་བོ་དང། ཉང་པོ། ཀོང་པོ་གསུམ་དུ་བྲོས་པ་ལས། ཐ་ཆུང་སོག་སྐད་དུ་བོར་ཏ་ཟེར་བས་ཀོང་པོ་ནས་གཱ་མ་རལ་ཞེས་པ་བཙུན་མོར་བླངས་ནས་ཁྲིད་དེ་སོག་ཡུལ་དུ་བསྐྱོད། སྡེ་གཱལ་ཟེར་བའི་ཆུ་འགྲམ་གྱི་ཏི་པུར་ཧན་གལ་ཏུན་ཟེར་བ་དེར་འབྱོར་ནས། རང་གི་རིགས་རུས་ཀྱི་ཁུངས་དང། གང་ནས་འོངས་པའི་ཡུལ། འོངས་པའི་རྐྱེན་སོགས་ཡུལ་མི་རྣམས་ལ་གསལ་བར་བཤད་པས། པེ་ཏ(པེ་གལ)ཞེས་པའི་ཡུལ་དེའི་མི་སྡེ་ཐམས་ཅད་ཀྱིས་དཔོན་དུ་བཀུར་ནས་བརྩི་བཀུར་བྱས་ཤིང་བོར་ཏ་ཆེ་ནོ་ཞེས་གྲགས། (ད་ལྟ་སོག་ཡུལ་གྱི་དེབ་ཐེར་ལ་ལར་དེའི་ཡབ་གསེར་ཁྲི་བ་ཡིན་ཟེར་བ་སྲིབ་ཁྲི་ཟེར་བ་ལ་ནོར་བ་ཡིན་ནམ་སྙམ)བོར་ཏ་ཆེ་ནོ་དེ་ལ་བུ་པ་ཏིས་ཧན་དང(པཱ་ཐོས་ས་ཧན)པ་ཏ་ཆ་གན(བཱ་ཐོ་ཆཱ་གན)ཟེར་བ་གཉིས་ཡོད་པའི་ཆུང་བའི་བུ་རྒྱུད་ལ་རིམ་བཞིན་ཏེ་མེ་ཅག(ཐ་ན་ཆིག)དང། དེའི་བུ་ཧོ་རེ་ཆར་མེར་གེན(འདི་སྲིན་པོའི་ཁ་ན་གནོན་དུ་ཡོད་པ་སློབ་དཔོན་པདྨ་སམ་བྷ་བ་ཡིན་ཟེར)དེའི་བུ་ཨ་གོ་ཆམ་བུའི་རལ་དང། ས་ལི་གྭལ་རི་གོ་འུ་དང། པེ་ཁེ་ནུ་ཏུན་དང། སམ་སུ་ཅི་དང་ ཧ་མི་ཧམ་ཆུ(ཧར་ཛ)པོར་ཅི་གི་ཏའི་མེར་གེན་དང། དུ་རལ་ཅིན་བཱ་ཡན་རྣམས་བྱུང་འདི་སྐོར་ལ《དེབ་ཐེར་དམར་པོ》ལྕགས་དཔར་མའི་ཤོག་གྲངས28ཐོག“དང་པོ་གནམ་གྱི་བུ་སྤོར་ཏ་ཆེ།དེའི་བུ་བཱ་ད་ཆ་གན། དེའི་བུ་ཐམ་ཆག། དེའི་བུ་ཁྱི་ཇི་མེར་ཁན། དེའི་བུ་ལ་འུར་བྱང་སྦོ་རོལ་འོལ། དེའི་བུ་པས་ཀ་ནི་ཏུན། དེའི་བུ་སེམས་ཟའུ་ཇི། དེའི་བུ་ཁ་ཆུ། དེའི་བུ་དོན་བུན་མེར་ཁེན་”ཞེས་གསལ། 《དེབ་ཐེར་སྔོན་པོ》ལྕགས་དཔར་མའི་སྟོད་ཆ་ཤོག་གྲངས81ཐོག“དང་པོར་གནམ་གྱི་བུ་སྦོར་ཏ་ཆེ། དེའི་བུ་བར་ཆི་མེར་གན། དེ་ད་ལྟའང་སྲིན་པོའི་ཁ་གནོན་བྱེད་པར་གྲགས་པས་པདྨ་འབྱུང་གནས་ཡིན་ཟེར། དེའི་བུ་ལའུ་ཇང་བྷེ་རེ་འོལ། དེའི་བུ་ཀ་ས་པ་ནི་ཏུན། དེའི་བུ་སེམས་ཛའོ་ཇི། དེའི་བུ་ལ་ཇུ། དེའི་བུ་དུ་བུན་མེར་གན”ཞེས་ཚིག་ཟུར་ཅུང་མི་འདྲ་བ་འདུག། ཕྱི་མ་འདིའི་བཙུན་མོ་པོ་རོག་ཆེན་གྭའུ་ཟེར་བ་ལ་བུ་རོ་པོ་སོ་ཧོར་ཟེར་བ་དཔྲལ་བར་མིག་ཡོད་པ་ཞིག་དང། ཨེམ་ལིག་དང་ཨེར་ཏེ་ཞེས་བྱ་བ་རྣམས་ལས་མཆོད་པ་ཨོ་རེད་ཀྱི་ཨུ་གེ་ལུད་དང། པཱ་ག་ཐོར་དང། ཧོ་རིད་དང། ཏེ་རེ་ནུད་བཅས་ཚོ་རིགས་རྣམ་པ་བཞི་མཆེད་དོ། ཏོ་པོ་མེར་གེན་ཟེར་བ་སྤུན་གཉིས་བྱུང་བའི་ཆུང་བ་རུ་ཏེ་དེས་ཐུ་མེད་རིགས་ཀྱི་གོ་ཅི་ཏའི་མེར་གན་གྱི་བུ་མོ་བཙུན་མོ་ཨ་ལོན་གྭའམ་ཨེ་ལུན་མཛེས་མ་ཡང་ཟེར་བ་ཞིག་བླངས་པ་ལས། བུ་པ་ལ་གོ་ཏའི་དང། བ་གྭོན་ཏའི་གཉིས་བྱུང། ཏོ་པོ་མེར་གེན་འདས་རྗེས་ཡུག་སར་གནས་པའི་བཙུན་མོ་དེའི་ལུས་ལ་འཇའ་འོད་ཀྱིས་འཁྱུད་པའམ་འགའ་ཞིག་གིས་རྨི་ལམ་དུ་ཡིད་བཟང་གི་བུ་ཞིག་དང་འཕྲད་པ་རྨིས་པའི་རྐྱེན་ཡང་ཟེར། གང་ལྟར་དེ་གང་རུང་གི་རྟེན་གྱིས་ལུས་ཀྱི་བདེ་བ་མྱོང་བ་ལ་བརྟེན་ནས་བུ་པོ་གྭོ་ཧ་ཐི་གེ་དང། པོ་གྭོ་ཤལ་ཆེ་གྭོ་དང། པཱོ་དོན་ཆར་བཅས་གསུམ་བྱུང་སོགས་ཟེར་ཡང། པོ་དོན་ཆར་འདི་ཏོ་པོ་མེར་གེན་གྱི་བུ་ཡང་ཡིན་སྲིད། པོ་གྭོ་ཧ་ཐི་གེ་ལས་ཏཱ་ཐི་གོད་དང། པོ་གྭོ་ཤལ་ཆེ་གྭོ་ལས་ཤལ་ཆི་གཱོ་ཟེར་བ་བྱུང། པོ་དོན་ཆར་མོ་གོལ་ཆེར་སྐྱེས་ནས་རེ་ཞིག་ཕུ་བོ་གཉིས་དང་ཅུང་ཟད་མ་མཐུན་པའི་དབང་གིས་ཨ་མས་ནོར་རྫས་བགོ་སྐལ་སྤྲད་སྐབས་རྟ་ངན་པ་གཅིག་ལས་ཐོབ་པས་མ་དགའ་ནས་ཕྱོགས་གཞན་དུ་སོང། ཕྱིས་སུ་ཕུ་བོ་དང་འདུམས་ནས་སྤུན་རྣམས་ཀྱིས་བོར་ཅི་གེན་ཟེར་བའི་དཔོན་མེད་པའི་ཡུལ་སྡེ་ཞིག་བཅོམ། པཱོ་དོན་ཆར་གྱིས་ཡུལ་དེའི་དཔོན་བྱས། པོ་ཏ་ན་ཟེར་བ་ཞིག་བཙུན་མོར་བླངས། དེའི་བུ་རྒྱུད་ལ་རིམ་བཞིན་ཧ་པི་ཆེ་བཱ་ཐུར་དང། པཱི་ཁར། བཱ་ཐུར་དང། ལ་ཏ་ཐོ་ཏན། ཏ་ཐི་ཁུ་ལུག་དང། བཱི་ཤིང་ཁུར་ཏོག་ཤིན་དང། རོམ་པ་ནའི་ཆེ་ཆེན་དང་ཏ་བུལ་རྒྱལ་པོ་དང། ཕར་ཏམ་བཱ་ག་ཐུར་དང། དེའི་བུ་ལྔ་ཡི་ཆེ་བ་ཡེ་སུ་ཁེའི་བཱ་ཐུར་དང། ནི་གུན་ཐ་ས་སི་དང། མེང་གེ་ཐུ་སེ་ཆེན། ཐ་རི་ཏའི། འོ་ཆི་གན་བཅས་བྱུང། སྐབས་འདིར《དེབ་ཐེར་དམར་པོ》གོང་མཚུངས་ནང་“ནག་མོ་ཨ་ལན་ཁོ་ལས་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པ་པཱོ་དོན་ཆར་མུང་གན། དེའི་བུ་གའི་ཇི། དེའི་བུ་སྦི་ཁིར། དེའི་བུ་མ་ནན་ཐོ་དོན། དེའི་་བུ་གའི་ཐུ་གན། དེའི་བུ་བའི་ཤིང། དེའི་བུ་ཁོར་དོག་ཤིང། དེའི་བུ་དུམ་བུ་ནའི་གན། དེའི་བུ་ག་བུ་ལ་ཁན། དེའི་བུ་བར་ཐན་བ་དུར། དེའི་བུ་ཡེ་སུར་ག་བ་དུར། དེ་དང་བཙུན་མོ་ཧོ་ལོན་གཉིས་ཀྱི་བུ་ཐའི་ཛུང་ཇིང་གེར་རྒྱལ་པོ་ཆུ་སྟག་ལོ་ལ་འཁྲུངས་ཞེས་གསལ།”《དེབ་ཐེར་སྔོན་པོ》གོང་མཚུངས་ནང། ནག་མོ་ཨན་ལན་ལོ་ལས་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པ་བོ་དོན་ཆར་མུ་གན། དེའི་བུ་གའི་ཆི། དེའི་བུ་སྦི་ཁིར། དེའི་བུ་མ་ནན་ཐོ་དོན། དེའི་བུ་གའི་ཐུ་གན། དེའི་བུ་བའི་ཤིང། དེའི་བུ་ཁོར་ཐོག་ཤིང། དེའི་བུ་དུམ་བི་ཧའི་ཁན། དེའི་བུ་ག་བུ་ལ་གན། དེའི་བུ་བར་ཐན་བ་ཐུར། དེའི་བུ་ཡེ་ཕུར་ག་བ་དུར། དེ་དང་བཙུན་མོ་ཧུ་ལུན་གཉིས་ཀྱི་བུ་ཇིང་གེར་རྒྱལ་པོ་བཞེས་གསལ།།
 རྩོམ་སྒྲིག་པ།  བྲག་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།