中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། པེ་མ་བོད་རིགས་ཞེས་པ་བོད་དམག་སྟེ་དྭཊ་པོ་ནས་ཡོང་བའི་དམག་མི་ཡིན།
དུས་ཚོད།2016-08-17 09:54:15     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་སྐད་རྒྱང་བསྒྲོག།     ཆུང་། | འབྲིང་། | ཆེ།
  དེང་སང་སི་ཁྲོན་ཕན་ཝུ་རྫོང་ཁོངས་སུ་ཡོད་པའི་དྭགས་པོ་ཞེས་པའི་བོད་རིགས་ཀྱི་སྐོར་ལ།  རང་གིས་དཔྱད་པའི་རྩོམ་ཡིག་གཉིས་བྲིས་ཤིང་།  གཉིས་ཀ་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་དུས་དེབ་ཐོག་རྒྱ་ཡིག་ཏུ་བཀོད་འདུག   བོད་ཡིག་ནི་མཚོ་སྔོན་གྱི《སྦྲང་ཆར》1981ལོའི་དེབ 2པའི་ཐོག་བཀོད་འདུག     ད་སྐབས་ཡང་དེ་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པར་ཐོས་པས།  སླར་ཡང་རང་གིས་ཤེས་ཚོད་འགའ་ཞིག་བྲི་བར་བྱ་སྟེ། 
  འགའ་ཞིག་གིས་དེ་བོད་མ་ཡིན་པའི་སྒྲུབ་བྱེད་ལ་མགོ་ལ་བྱ་སྤུ་བཙུགས་པ་བཀོད་འདུག  དེས་ན་མགོ་ལ་བྱ་སྤུ་བཙུགས་པ་ནི་བོད་ཀྱི་གནའི་ཆ་ལུགས་ཡིན་ཏེ།  རྒྱལ་རབས་གསལ་མེའི་ལྕགས་པར་ཤོག་གྲངས 236གི་ཐིག་ཕྲེང་གཉིས་པ་ན“གཡོ་དགེ་འབྱུང། གཙང་རབ་གསལ།  དམར་ཤཱཀྱ་མུ་ནེ་གསུམ་སྒོམ་གྱིན་ཡོད་པ་ལ།  བཙུན་པ་གཅིག་གིས་ཤམ་ཐབས་བརྫེས།  ལག་ཏུ་མདའ་གཞུ་ཐོགས།  མགོ་ལ་བྱ་སྒྲོ་བཙུགས་ནས་འཕྲལ་དུ་ཁྱི་ཁྲིད་ནས་རི་དྭགས་གཤོར་གྱིན་འདུག་པ་གཡོ་དགེ་འབྱུང་གིས་མཐོང་ནས”ཞེས་དང་།  ཀློང་ཆེན་ཆོས་འབྱུང་ལས་མཛད་པ་གཙང་རབ་གསལ།  བོ་དོང་བ་གཡོ་དགེ་འབྱུང་།  སྟོད་ལུང་བ་དམར་ཤཱཀྱ་མུ་ནེ་དང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པའི་དུས་སུ་བཙུན་པ་ཁྱི་ཁྲིད་རྔ་གཤང་བརྡུངས་ཤིང་མགོ་ལ་བྱ་སྒྲོ་བཙུགས།   ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་ཐབ་ཁ་བས་མཐོང་བས་མ་བྱིན་ནས་བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གཟིགས་པས་མཐོང་བ་བཞིན་སྨོས་སོ།  སློབ་དཔོན་མ་འཁྲུལ་བཙུན་པ་མ་སྨྱོས།  རྒྱལ་བོས་བཙུན་པ་སྐྱ་སར་ཕབ་པ་རེད་ཟེར་ཞེས་གསུངས་པ་ནི་གླང་དར་མས་བཙུན་པ་རྣམས་སྐྱ་སར་ཕབ་པའི་རྟགས་ལ་མགོ་ལ་བྱ་སྒྲོ་འཛུགས་དགོས་པར་བཤད།  ཡང་མི་ལའི་མགུར་འབུམ་རས་པ་ཞུ་བ་འོད་ཀྱི་སྐོར་ཚོ་ལས་ལྡེམ་བྱ་རྒྱལ་རྒོད་ཀྱི་འཕྲུ་དོ་བཙུགས།  ཞེས་རས་པ་ཞུ་བ་འོད་ཀྱི་མགོ་ཐོག་ཏུ་བྱ་རྒོད་ཀྱི་སྒྲོ་བཙུགས་ཡོད་པར་བཤད།  དེ་ལྟར་ལོ་བརྒྱད་བརྒྱའི་སྔོན་དུ་ཡང་བོད་ཀྱི་གཞོན་ནུ་དག་གི་མགོར་བྱ་སྒྲོ་བཙུགས་ཡོད་པར་བཤད།  ཕྱིས་སུ་རིམ་གྱིས་ཆ་ལུགས་དེ་ཉམས་ན་ཡང་ས་ཆ་འགར་ཆ་ལུགས་དེ་ཉམས་ན་ཡང་ས་ཆ་འགར་ཆ་ལུགས་དེ་ད་དུང་ཡོད་པར་མངོན།  གེ་སར་གྱི་སྒྲུང་དུའང་མགོ་ལ་བྱ་སྒྲོ་བཙུགས་ཡོད་ཚུལ་གྱི་སྒྲུང་གླུ་མང་།     ལྷ་སའི་གཙུག་ལག་ཁང་གི་ནང་སྒོའི་གཡས་ཕྱོགས་ཀྱི་ཀྱང་ཐང་ངོར་གནའ་དུས་ཀྱི་ལུས་རྩལ་སྦྱོང་བའི་རི་མོ་བཀོད་ཡོད་ལ།  དེའི་ལུས་རྩལ་པ་དག་གི་མགོར་ཡང་བྱ་སྒྲོ་བཙུགས་ཡོད་པ་བྲིས་འདུག་པ་བདག་གིས་མཐོང་།  ཕྱིས་སུ་བོད་ལྗོངས་ཀྱི་དམག་རྩེད་དང་དུས་ཆེན།  གཏོར་རྒྱག་སོགས་ཀྱི་སྐབས་སུ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པའི་སྲོལ་བཅིངས་འགྲོལ་བར་དུ་ཡོད།  དེར་མ་ཟད་རྒྱལ་རོང་སོགས་བོད་ཀྱི་ས་ཆ་འགའ་ཞིག་ཏུ་གཏོར་རྒྱག་སོགས་ཀྱི་སྐབས་སུ་དམངས་དམག་གིས་ལུས་ལ་གོ་ཁྲབ་གྱོན།  མགོ་ལ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པའི་སྲོལ་ལུགས་ཡོད།  རྒྱུ་མཚན་དེ་དག་གིས་རྣམ་འཕེལ་དང་ཕིན་ཝུ་སོགས་ཀྱི་དྭགས་པོའི་མིའི་མགོ་ལ་བྱ་སྒྲོ་འཛུགས་པ་ནི་བོད་ཀྱི་གནའི་ཆ་ལུགས་དངོས་གནས་ཡིན་ནོ། དེ་ནི་དྭགས་པོའི་མི་རྣམས་བོད་རིགས་ཡིན་པའི་རྟགས་མཚན་ཡང་དག་ཅིག་ཡིན།
   མིང་འདོགས་ཚུལ་ནི་བོད་ཀྱི་དམག་རྣམས་རྒྱ་བོད་ས་མཚམས་སུ་བཞག་པ་ཐང་ཡིག་གསར་རྙིང་ལས་ཤིན་ཏུ་གསལ།  དེས་ན་འདི་དག་ནི་དྭགས་པོ་ནས་འོངས་པའི་དམག་མི་ཤས་ཆེ་བའི་རྒྱུ་མཚན་གྱིས་བོད་ཀྱིས་དྭགས་པོ་ཞེས་འབོད།  རྒྱ་མི་དག་གིས་དེར白马སྟེ་པེ་མ་བོད་རིགས་ཟེར།  དེ་ནི་བོད་དམག་ཅེས་པའི་སྒྲ་བྲིས་པ་ཡིན་ཏེ།  ཟུང་ཆུ་དང་ཆུ་ནག་དང་རྣམ་འཕེལ་ཕྱོགས་ཀྱི་སྐད་ཀྱི་གདངས་ལ་བོད་ཅེས་པའི་གདངས་ནི་པེ་དང་།  དམག་ཅེས་པའི་གདངས་ནི་མ་ཞེས་པའི་སྒྲ་གདངས་དང་འདྲ།  ད་དུང་ཡང་དེ་དག་གི་སྐད་ཀྱི་གདངས་ལ་བོད་དམག་ཅེས་པ་པེ་མ་སྟེ白马ཞེས་པའི་སྒྲ་དང་མཚུངས།  དེའི་རྒྱུ་མཚན་གྱིས་རྒྱ་མི་དག་གིས་པེ་མ་བོད་རིགས(白马藏族)ཟེར།
   གོམས་འདྲིས་གཤིས་ལུགས་ཀྱི་ཐོག་ནས།  ཟུང་ཆུའི་ཤར་བ་ཞེས་པའི་བོད་དང་ང་རང་གི་ཕ་ཡུལ་དམུ་དགེ་ཞེས་པའི་བོད་སོགས་དང་གོམས་འདྲིས་གཤིས་ལུགས་འདྲ་ལ།  དེར་མ་ཟད་ཁང་བ་ཕུབ་ལུགས།  ལྷ་མཆོད་ལུགས།  དུར་འདེབས་ལུགས་སོགས་ཀྱང་འདྲ་བ་ཡིན་ལ།  བུད་མེད་དག་གི་ཆ་ལུགས་ནི་བོད་ལྗོངས་ཀྱི་ཆ་ལུགས་དང་མཚུངས།  སྐད་ལུགས་ཀྱང་བོད་ཀྱི་གནའ་སྐད་ཡིན་གཤིས།  དེས་ཀྱང་འདི་དག་ནི་བོད་རིགས་ཡིན་པར་ཤིན་ཏུ་འགྲུབ།  ཆོས་ལུགས་ཀྱང་བོད་ཀྱི་གནའ་ཆོས་བོན་པོ་ཤས་ཆེ།  བོན་ཞེས་པའི་སྒྲ་ནི་དེ་དག་གི་སྐད་གདངས་ལ་པེ་ཞེས་པའི་སྒྲ་དང་འདྲ།  དེའི་རྒྱུ་མཚན་གྱིས་དེ་དག་གིས་ཆོས་ལུགས་ནི་པེ་པོའུ་ཞེས་པ་ཆོས་ཤིག་ཡིན་པར་འདོད་པ་ནི་བླ་རྡོལ་ལོ།  ཡི་གེ་ཡང་བོད་ཡིག་ལས་གཞན་པའི་ཡི་གེ་མེད།  ཆོས་འདོན་པ་དང་དོམ་ཡིག་སོགས་ལའང་བོད་ཡིག་བེད་སྤྱོད་བཞིན་པ་རེད།  དེ་གའི་སྔོན་གྱི་རྒྱ་བོད་ས་མཚམས་ཀྱི་རྡོ་རིང་ངོས་སུའང་རྒྱ་བོད་ཀྱི་ཡི་གེ་གཉིས་ཀ་ཡོད་པར་གྲགས།  སྔར་འགའ་ཞིག་གིས་ཞིབ་འཇུག་བྱས་པའི་སྙན་ཞུའི་ཡི་གེ་སྔ་ཕྱི་གཉིས་བྲིས་པ་ངས་མཐོང་མོད།  དེ་དག་སྐབས་སུ་བཤད་པའི་ཡུལ་དེའི་གོམས་འདྲིས་གཤིས་ལུགས་སོགས་ནི་བོད་ཡིན་པའི་སྒྲུབ་བྱེད་ཤ་སྟག་ལས།  ཏིས་ཙོ་ཞེས་པའི་མི་རིགས་ཡིན་པའི་སྒྲུབ་བྱེད་གཅིག་ཀྱང་མི་འདུག་གོ   སྔར་གྱི་སྙན་ཞུ་གཉིས་ཀ་ལ་དཔྱད་གཏམ་བྲིས་ཟིན་པས་བསྐྱར་ཟློས་མི་བྱེད།  སྔར་དྭགས་པོ་ཡིན་མིན་གྱི་དོགས་པ་མ་བྱུང་ལ།  ཉེ་ཆར་ཏིས་ཙོ་ཟེར་བའི་མི་རིགས་རེད་ཅེས་པའི་གཏམ་ཞིག་བསྒྲགས་བྱུང་བའི་རྐྱེན་གྱིས་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་།  བོད་ལྗོངས་ནས་བཟུང་སྟེ་ཨ་མདོའི་མཐའི་བར་གྱི་བོད་མི་དག་གིས་འདི་དག་སྔར་བཞིན་བོད་ཡིན་པར་ངོས་འཛིན་གྱིན་ཡོད།  ཁྱད་པར་དུ་ཁོང་ཚོའི་ཡུལ་གྱི་བོད་མི་དམངས་མང་ཆེ་བ་ཁོ་ཚོ་བོད་མ་རེད་ཟེར་བ་ལ་ཁོང་ཁྲོ་ལང་གིན་རོང་གི་མི་དང་འདྲའོ།
   ཞེས་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་སུ་འབོད་པས་རབ་གནས  1987ལོ་ལ།   རྔ་སྟོད་སྒོ་མང་ནས་བརྩམས་ཤིང་ཡི་གེ་བ་ནི་ཤེས་རབ་རལ་གྲིའོ། །
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།