中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཡུལ་སྐོར་སྐྱེ་ཁམས། >
༄༅།། གནས་མཆོག་རི་བོ་དན་ཏིག་དང་ཡང་ཏིག་དགོན་ལ་གནས་མཇལ་དུ་ཕྱིན་པའི་རེག་ཟིག
དུས་ཚོད།2020-03-23 09:56:55     རྩོམ་གྱི་ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། གཅན་རུ་མཚེར།     ཆུང་། | འབྲིང་། | ཆེ།
ང་རང་སློབ་འབྲིང་སྐབས་ནས་བཟུང་། བྱང་གི་དགོན་ཆེན་བཞིའམ་མདོ་སྨད་ཀྱི་རྫོང་ཆེན་དྲུག་ལ་སོགས་པའི་གནས་ཡུལ་དང་། ཁྱད་པར་དུ་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱི་བཀའ་དྲིན་ལས་བསྟན་པའི་མེ་རོ་གང་ལས་བསླངས་པའི་གཞིར་གྱུར་པའི་འཕགས་ཡུལ་དབུས་འགྱུར་འཆང་གཉིས་པ་དན་ཏིག་དང་ཡང་ཏིག་དགོན་སོགས་ཁྱིམ་མི་ཚོའི་ངག་ལས་མང་དུ་ཐོས་ནས་དེ་དག་ལ་འགྲོ་འདོད་སྐྱེས་ཀྱང་ད་བར་དུ་འགྲོ་མ་ཐུབ་པར་ལུས།
 
ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་འདི་དང་བསྟུན་ནས་ཁྱིམ་མི་ཚོ་དང་ལྷན་དུ་དན་ཏིག་དང་ཡང་ཏིག་དགོན་ལ་གནས་མཇལ་དུ་འགྲོ་བའི་སྐལ་བ་རེག ཟླ10པའི་ཚེས2ཉིན་གྱི་ཞོགས་པར། ང་ཚོར་རེ་བའི་ཉི་ཟེར་གྱི་སྡོངས་གྲོགས་མཛད་དེ་ཙོང་ཁའི་སྐྱེས་རི་ཉེ་འདབས་ནས་ཧྭ་ལུང་ས་ཆའི་ཕྱོགས་སུ་ཤར་མར་འཐེན་པའི་གཞུང་ལམ་བརྒྱུད་དེ་ཐེངས་འདིའི་འགྲུལ་བཞུད་ཀྱི་གོམ་ཁ་དང་པོ་སྤོ་མགོ་བརྩམས། སྤྱིར་བཏང་དུ་ཙོང་ལ་རིང་མོ་ཞེས་སུ་གྲགས་པ་འདི་ལ་ཉིན་སྲིབ་གཉིས་སུ་ཕྱེས་ཤིང་། ཉིན་ཕྱོགས་སུ་བྲག་བྱ་ཁྱུང་དང་། ངྷི་ཚ། གཤོང་ཤན། རྩ་བ། ཏིག་རྒྱ། བཱ་ཡན་མཁར། སྟག་ཚང་། འགག་རྩ། ཁོ་ཡར། ཐ་ཀྱ། སེ་ཏན་བཅས་སའི་ཆ་དུམ་བུ་ལུང་ཁོག་བཅུ་གཅིག་ཏུ་གྲུབ་པ་ལས་སའི་ཆ་བརྒྱད་པ། རི་བོ་དན་ཏིག་དང་ཉེ་བའི་འགག་རྩའི་མངའ་ཁོངས་ཁོ་ཡར་སྡེ་བ་ནས་གནས་ཚང་གཡར། སྡེ་བ་འདིར་ཐོག་མར་སླེབས་པའི་འཆར་སྣང་དང་པོ་ནི་སྡེ་འདིའི་རྒན་དར་གཞོན་གསུམ་ཀུན་གྱི་གདོང་ལ་དགའ་འཛུམ་གྱིས་ཁེངས་ཤིང་། ལྷག་བསམ་གྱིས་ཕྱུག་པ། གནས་མཇལ་བ་ཞིག་ཡིན་ཚེ་སྡེ་བའི་སྐྱེས་ཕོ་མོ་སུ་ཡིན་རུང་འགྲུལ་བསུའི་ཚུལ་དུ་ཁམས་བདེ་ཞིག་འདྲི་རྒྱུ་ནི་སྡེ་འདིའི་སྲོལ་བཟང་ཞིག་ཏུ་ཆགས་ཤིང་།གནས་མཆོག་འདིས་བསྩལ་པའི་དངོས་གྲུབ་ཀྱི་བྱིན་རླབས་ཤིག་ཀྱང་ཡིན་པར་འདོད། ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་སྐྱ་རེངས་སྐྱ་མདའ་མ་གྲགས་གོང་ང་ཚོས་རང་ཉིད་ཀྱི་འགྲུལ་བཞུད་གྲ་སྒྲིག་ཚགས་སུ་ཆུད་དེ་དངོས་སུ་ཐིས་པ་དགོན་རྙིང་ངམ་ཡང་ཏིག་དགོན་ལ་ཆས་མགོ་བརྩམས། ཐིས་པ་དགོན་པར་འགྲོ་བའི་ལམ་ཁ་ནས། སེང་གེའི་འགག་མདོར(བཙུན་མོ་མ་ཏྲིའི་ཕེབས་ལམ་སེང་གེས་བཀག་པས་དེ་ལྟར་ཐོགས)འཕྲད་ཅིང་། མཐོང་མ་ཐག་ནས་དངོས་གནས་སྐྲག་སྣང་ལྡན་པ་ཞིག་རེད་ལ། ལམ་འདིར་ཆ་རྒྱུས་ཡོད་པའི་མི་འགའི་རོགས་རམ་དང་ལྷག་བསམ་ལ་བརྟེན་ནས་འགག་སྒོ་འདི་ལས་ཐར་བར་གྱུར། དེ་ནས་བཙུན་མོའི་འོ་མའི་ཆུ་རྒྱུན་གྱི་ཆུ་རྒྱུན་ཕྲ་མོ་འབབ་པ་མཐོང་བྱུང་། ལོ་གསར་ལུང་བ་ཞེས་པའི་བྲག་ངོས་སུ་སྒྲོལ་མ་ཉེར་གཅིག་རང་བྱོན། འོམ་བུའི་ལུང་མདོའི་གཡོན་ངོས་སུ་བྱམས་པ་རང་བྱོན། རིགས་གསུམ་མགོན་པོ་མཐོར་བརྩེགས། གཡས་ངོས་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ་རང་བྱོན་སོགས་ལྷ་སྐུ་དབྱིབས་ཀྱི་བྲག་རི་མང་པོ་ཕྲེང་སྟར་བསྒྲིགས་ཤིང་། སྔོན་དུས་དན་ཏིག་གི་དགོན་རྙིང་ངམ་ཧྭ་ཤང་གི་དགོན་ཆེན་ཞེས་འབོད་པའི་གནས་འདིར་གནའ་དུས་ཀྱི་ལྷ་སྐུ་དང་མཆོད་ཆ། སོ་ཕག་ཤིན་ཏུ་ཆེ་ཚད་སོགས་ས་འོག་ནས་ཐོན་པ་དེང་སང་ཡང་རྙེད་རྒྱུ་མང་དུ་ཡོད་པར་བཤད།
 
ཚང་མས་བཤད་ན་སྡིག་སྒྲིབ་ལ་མོ་བརྒལ་ཏེ་ཡང་ཏིག་དགོན་ལ་སོང་ན་དཀྱིལ་འཁོར་ནང་དུ་ཐར་དཀའ་ཟེར་རུང་། ང་ཚོ་ལ་མོ་དེ་བརྒལ་ནས་སོང་བ་ན། རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་རྗེས་དང་ཤིན་ཏུ་གཟར་བའི་བྲག་ངོས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་རང་བྱོན་མཐོང་བ་དང་། དེའི་ཁར་གནས་མཇལ་བ་སུ་ཞིག་ལམ་འདི་ལས་ཐར་སོང་ཚེ་ད་གཟོད་བསོད་ནམས་ཀྱི་ཚོགས་སྐལ་ཡག་སོང་ཞེས་པའི་བཤད་ཚུལ་ཐོས་པས། སེམས་ཀྱི་མ་དག་པའི་སྡིག་སྒྲིབ་མཐའ་དག་སྐད་ཅིག་ཉིད་དུ་དག་པར་གྱུར་བའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཡོང་།
 
དཀྱིལ་འཁོར་ནང་ཞེས་པ་ནི་སློབ་དཔོན་རིན་པོ་ཆེས་སྲིན་མོ་གདུག་པ་ཅན་འདུལ་བའི་གནས་ཡིན་ལ། ཡུལ་དེ་མཐོང་ན་འཇིགས་སྐྲག་གི་ཉམས་སྣང་ཞིག་ངང་གིས་ཚོར། དེ་ནས་མུ་མཐུད་དུ་མདུན་དུ་སྐྱོད་ན། ཚེ་བུམ་དུ་ངོས་འཛིན་པའི་བྲག་རི་བུམ་པའི་རྣམ་པ་ཅན། བྲག་རིའི་རྩེར་ཁ་རྒྱན་མཚོན་བྱེད་ཡལ་ག་ལོ་འདབ་སྟུག་པོ་རྒྱས་པའི་ལྗོན་ཤིང་ཡོད། དེར་བཞུར་བའི་ཡང་ཏིག་ཚེ་ཆུའམ་རིག་འཛིན་ཚེ་གྲུབ་ཟེར་བ་དེ་སྐྱེ་བོ་སུས་འཐུང་ན་ནད་མེད་ཚེ་རིང་ཡོང་བར་བཤད། དེ་ནས་གཡས་སྐོར་གྱི་རྐང་ལམ་ཕྲ་མོ་དེ་དེད་ནས་དན་ཏིག་ཤེལ་གྱི་ཡང་དགོན་གྱི་ཕྱོགས་སུ་བསྐྱོད་མགོ་བརྩམས། དན་ཏིག་ཤེལ་གྱི་ཡང་དགོན་ནི་རྨ་ཆུ་བྱང་འགྲམ་གྱི་བྲག་རི་གཡང་གཟར་བརྗིད་ཆགས་ལྟ་ན་སྡུག་པའི་ཨ་མ་བྲག་མོ་ཆེ་ཡི་དབུས་སུ་བཞུགས། དན་ཏིག་དགོན་ནི་དུས་རབས་དགུ་པའི་དཀྱིལ་ལ་རྒྱལ་པོ་འུ་དུམ་བཙན་གྱིས་ནང་ཆོས་བསྣུབས་པའི་རྗེས་སུ།གྲུབ་ཆེན་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བཀྲོངས་རྗེས་དན་ཏིག་ཏུ་ཕེབས་ནས།ཤར་སྟོང་རིའི་སྒྲུབ་ཕུག་ནས་སྒྲུབ་པར་བཞུགས་པའི་བཤད་ཚུལ་ཡོད། དན་ཏིག་དགོན་གྱི་ཉེ་འདབས་སུ་སླེབས་ཚེ་ཐོག་མར་མིག་ལམ་དུ་མཐོང་ཡོང་བ་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲི་ཡིན་ལ་དེར་ལུས་ངག་ཡིད་གསུམ་གྱི་ཕྱག་གསུམ་འཚལ་རྗེས་གནས་དེར་བཞུགས་པའི་སྒྲུབ་ཕུག་རེ་རེར་མཆོད་མཇལ་བྱས་པ་ཡིན། རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མཁས་གྲུབ་རིམ་བྱོན་གནས་འདིར་བྱོན་ནས་ལ་ལས་ལོ་ཟླ་མང་པོར་བསྙེན་སྒྲུབ་མང་པོ་མཛད་པ་དང་། ལ་ལས་དབང་ལུང་རྗེས་གསུམ་གྱི་ཆོས་བཀའ་མང་དུ་སྤེལ་བ། ལ་ལས་ཕྱག་མཆོད་ཞབས་སྐོར་གྱིས་གནས་འབྲེལ་མཛད་པ་སོགས་གནས་བྱིན་གྱིས་བརླབས་པའི་ཚུལ་མང་ལ། ཁྱད་པར་དུ་རྒྱལ་བ་བསོད་ནམས་རྒྱ་མཚོ་ད་ལྟ་གྲུབ་ཆེན་ཟེར་བའི་གནས་ཁང་གི་སྒྲུབ་ཕུག་ཏུ་ཕེབས་ནས་ཡུན་རིང་དུ་སྒྲུབ་པ་མཛད་པའི་བཤད་རྒྱུན་མང་དུ་ཡོད།
 
དེ་ནས་མདུན་དུ་སོང་ཙམ་ན་སྤྱི་པ་ཚང་ངམ་ཨ་མྱེས་ཀླུ་རྒྱལ་གྱི་ལྷ་ཁང་ལ་མཇལ་ཐུབ། ལྷ་ཁང་འདི་ནི་ཆེས་གཙོ་བོའི་ལྷ་ཁང་ཞིག་ཡིན་ཏེ། ལྷ་ཁང་འདི་ལ་ལོ་རེའི་ཟླ་བཞི་པའི་ཚེས་བཅུ་གཅིག་དང་ལྔ་པའི་ཚེས་དགུ་ཉིན་མ་གཏོགས་ཞལ་མཇལ་མེད། ཀླུ་རྒྱལ་ཀརྟི་ཀའམ་ཨ་མྱེས་ཀླུ་རྒྱལ་གྱི་གཏམ་རྒྱུད་ནི་ངག་རྒྱུན་ལྟར་ན། སྔོན་མཚོ་མ་དྲོས་པར་གནས་པའི་ཀླུ་བདུད་སྤུན་གསུམ་གྱིས་སེམས་ཅན་ལ་འཚེ་བ་བྱས་པས། ཕྱག་ན་རྡོ་རྗེས་སྤུན་ཆེ་བ་གཉིས་མཚོ་དེ་གར་དམ་ལ་བཏགས། སྤུན་ཐ་ཆུང་རྫུ་འཕྲུལ་གྱིས་བྲོས་ནས་ས་འདིའི་མཚོ་འཁྱིལ་དུ་གནས་པ་ལ་ཕྱག་ན་རྡོ་རྗེས་ཕྱག་གི་རྡོ་རྗེ་འཕངས་པ་ན། ཡང་བྲོས་ནས་སྒོམ་ཆེན་གྱི་བྲག་སྲུབས་སུ་འཛུལ་ནའང་མཐར་ཕྱག་ན་རྡོ་རྗེས་བཟུང་ནས་ཕྱིན་ཆད་གཞན་ལ་མི་འཚེ་བའི་བྲོ་བོར་དུ་བཅུག་ཅིང་དཀར་ཕྱོགས་སུ་བསྒྱུར། དེ་ནས་སྤྲུལ་གཟུགས་དེ་རྡོ་ཞིག་ལ་ཐིམ་པ་ཕྱིས་སུ་སྤྱི་པ་ཁང་དུ་ཀླུ་རྒྱལ་ཀརྟི་ཀའི་སྐུ་བརྙན་བཞེངས་པའི་ནང་གཞུག་ཏུ་ཕུལ་ཡོད། འདི་ལ་རིགས་རྒྱུད་སློང་བ་དང་སྲི་གཏད་ན་ཤིན་ཏུ་ཕན་པས་རྨ་ཆུ་འགྲམ་ངོགས་གཉིས་ཀྱི་སྐྱེ་ཕོ་མོར་ཀླུའི་མིང་ཅན་ཤིན་ཏུ་མང་བའང་འདིའི་བྱིན་རླབས་ལས་བྱུང་བའོ། །
 
དེ་ནས་གོམ་གསུམ་མདུན་དུ་སྤོས་ཚེ། རྭ་ཛ་ཕུག་གམ་རྒྱལ་བ་དོན་གྲུབ་ཀྱི་ལྷ་ཁང་ལ་མཇལ་ཐུབ། ལྷ་ཁང་འདི་ནི་རྒྱལ་བུ་དོན་གྲུབ་ཀྱིས་ལོ་བཅུ་གཉིས་བར་དུ་སྒྲུབ་པ་བྱེད་ས་ཡིན་ལ། ལྷ་ཆེན་ཚངས་པ་དང་བརྒྱ་བྱིན་སོགས་ས་ལ་བབས་པའི་ཞིང་མཆོག་དམ་པའམ་ཡོངས་གྲགས་སུ་རབ་འབྱམས་ཕུག་ཅེས་འབོད། ཞིབ་མོར་བརྟགས་ན་རྒྱལ་བུའི་སྐད་དོད་རྭ་ཛ་ཡིན་ཞིང་། རྒྱལ་བུ་ཡུན་རིང་དུ་བཞུགས་གནས་ལ་རྭ་ཛ་ཕུག་ཅེས་པ་ཡིན་ལས་ཆེ། ལྷ་ཁང་འདིའི་ནང་གི་སྐུ་གསུང་ཐུགས་རྟེན་དང་། བླ་མའི་གཟིམ་ཁང་། མཆོད་ཆ་ཉེར་སྤྱད་སོགས་རྩ་བ་ནས་མེད་བརླག་ཏུ་སོང་ཟིན་ནའང་། སྤྱི་ལོ1980ལོར་སླར་ཡང་གངས་ཅན་ཡུལ་ལ་བསྟན་པ་ཡང་དར་གྱི་ཉིན་བྱེད་ག་ལེར་འཕྲོས་ཏེ་ལྷ་སྐུ་རྟེན་བཞེངས་ཀྱི་དབུ་ཚུགས་ལས་མགོ་ཀུན་ནས་སྨིན། དེ་ནས་ཅུང་ཙམ་སོང་རྗེས་སུ་ཨ་ཙུ་ཏའི་ལྷ་ཁང་ལ་མཇལ་ཐུབ། ལྷ་ཁང་འདི་ནི་མཁན་པོ་སྐུ་ཕྲེང་བརྒྱད་པ་འཇིགས་མེད་རིག་པའི་སྙིང་བོས་ཡང་བསྐྱར་བཞེངས་པ་རེད་ལ། གཙོ་རྟེན་ལ་མོའུ་འགལ་གྱི་བུའི་སྤྲུལ་བ་དགེ་སློང་ཨ་ཙུ་ཏ་དགུང་ལོ་ལྔ་བཅུ་ཅན་བཞུགས། དེ་ནས་སྐོར་ལམ་བརྒྱུད་དེ་སོང་ན་གྲུབ་ཆེན་ལྷ་ཁང་ལ་ཐོན། ལྷ་ཁང་དེ་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྒྲུབ་ཕུག་རེད། སྒྲུབ་ཕུག་དེའི་མིང་ལ་གྲུབ་ཆེན་ཞེས་ཐོགས་དོན་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་ཁོང་ཉིད་སྤྱི་ལོ1583ལོར་གནས་འདིར་ཕེབས་ཏེ་སྒྲུབ་པ་ཡུན་རིང་མཛད་མཐར་དཔལ་ཁྲག་འཐུང་ཧེ་རུ་ཀའི་ཞལ་དངོས་སུ་གཟིགས་པས་ཅུང་འཇིགས་སྣང་གི་ཚུལ་གྱིས་སྐུ་རྒྱབ་བྲག་ལ་བསྙེས་པའི་རྗེས་ཤུལ་གསལ་པོར་ཡོད། ཁོང་ཉིད་སྒྲུབ་ཕུག་འདི་ནས་གྲུབ་པ་ཆེན་པོ་བརྙེས་པས། ཕྱིས་སུ་ལྷ་ཁང་དེའི་མིང་ལ་ཡང་གྲུབ་ཆེན་ཞེས་འབོད་པ་རེད།
 
དེ་ནས་ཅུང་ཙམ་སོང་མཐར་སྒོམ་ཆེན་ལྷ་ཁང་ལ་ཐོན་ཐུབ། སྒོམ་ཆེན་ལྷ་ཁང་ནི་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པའི་གནས་ཡིན་ལ། སྒྲུབ་ཕུག་ཏུ་བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ། ད་དུང་དབུས་གཙང་ནས་ཕེབས་པའི་མཁས་པ་བཅུའི་སྐུ་བརྙན་བཅས་ཡོད། དེའང་བསྟན་པ་ཕྱི་དར་ལ་ཕྱག་རྗེས་གསལ་བའི་བླ་ཆེན་དགོངས་པ་རབ་གསལ་ནི་གནའ་དུས་ཆོས་རྒྱལ་མེས་དབོན་སྐབས་སུ་མཐའ་མཚམས་སྲུང་བར་མངགས་པའི་དམག་མིའི་རྒྱུད་པ་ཡིན། ཆུང་དུས་ནས་ཕྱུགས་འཚོ་བའི་རྫི་བོ་མཛད། དགུང་ལོ་བཅོ་ལྔའི་སྟེང་རི་བོ་དན་ཏིག་ཏུ་མཁས་པ་མི་གསུམ་བཞུགས་པའི་དྲུང་ནས་རབ་ཏུ་བྱུང་། གནའ་མིའི་ངག་རྒྱུན་དུ། བླ་ཆེན་པོ་དགུང་ལོ་མཐོ་བའི་སྐབས་སུ་དམར་གཙང་བྲག་ཏུ་ཕེབས་དུས་ཐུགས་དགོངས་ལ་གནས་འདི་ངའི་འཁྲུངས་ཡུལ་རྒྱ་ཞུར་དང་ཆ་འདྲ་བས། ད་ནི་མྱ་ངན་ལས་འདའ་དགོས་ཞེས་ཤར་བ་དང་། བྲག་ལ་བརྐོས་པའི་ཁུང་བུ་ཞིག་ཏུ་བཞུགས་ནས་དགུང་ལོ་བརྒྱད་ཅུ་རྩ་བཞིར་བཞེས།
 
དེ་ཡང་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟླ་བའི་ཚེས་རིས་ཕྲ་མོ་དེའང་རི་བོ་དན་ཏིག་གི་ལྗོངས་འདི་ནས་ཤར་བ་ཡིན་པ་ལ་གཟུར་གནས་མཁས་པ་སུས་ཀྱང་རྩོད་པ་ཆེར་མེད་དོ། །
 
འདི་ལྟར་ཐེངས་འདིའི་འགྲུལ་བཞུད་ལ་རེ་ཞིག་རྫོགས་ཚིག་འགོད་དགོས་ཏེ། ང་ཚོས་རྒྱུན་དུ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པ་ལས་མེ་རོ་གང་ལས་བསླངས་པའི་གཞིར་གྱུར་བའམ།གྲུབ་གནས་ཡོད་རྒུའི་མེས་པོ་ལྟ་བུར་གྱུར་བའི་མདོ་སྨད་ཀྱི་རྫོང་ཆེན་དྲུག་གི་ཡ་གྱལ་ཏེ་ཨ་ཆུང་གནམ་རྫོང་དང་། ཏུན་ཧོང་ཆུང་བ་རུ་གྲགས་པའི་ལོ་རྡོ་རྗེ་བྲག གནས་འགངས་ཆེན་དན་ཏིག་ཡང་ཏིག་དགོན་གསུམ་ནི་མཁས་པ་མི་གསུམ་གྱི་སྒྲུབ་གནས་ཁྱད་པར་ཅན་ཏེ།དེའི་ཁོ་ར་ཁོར་ཡུག་ཀུན་ལ་རྩི་ཤིང་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བ། སྐྱེ་འགྲོ་ཀུན་ལ་ནད་མེད་ཚེ་རིང་གི་  ་གཡང་སྩོལ་བ། བཀྲ་ཤིས་ཤིང་དོན་འགྲུབ་པ། དགེ་ལེགས་དཔལ་དུ་འཕེལ་ལོ། །
 
ཟུར་ལྟའི་དཔེ་ཆ།  《གནས་མཆོག་རི་བོ་དན་ཏིག་གི་གནས་བཤད་ཤེལ་གྱི་མེ་ལོང་།》
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།