中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། སྐེ་ཚིགས་མཁྲེགས་པོར་གྱུར་ན་འགུལ་སྐྱོད་བྱེད་ཆོག་གམ།
དུས་ཚོད།2018-07-20 16:10:23     རྩོམ་གྱི་ཡོང་ཁུངས། རྫོགས་ཆེན་དྲ་བ།    ཆུང་། | འབྲིང་། | ཆེ།
ཞོགས་པར་མལ་ལས་ལངས་རྗེས་སྐེ་རྩ་འགུལ་མི་ཐུབ་པ་དང་། ཅུང་ཙམ་འགུལ་ནའང་ན་ཟུག་དྲག་པོ་ལངས་བའི་ཚོར་སྣང་འབྱུང་། དེ་ནི་ཕལ་ཆེར་སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་བ་ཡིན་སྲིད། སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་བའི་ནད་འབྱུང་ཚད་མང་ཆེ་བ་ནི་ན་གཞོན་དང་དར་མའི་སྐོར་ཡིན་ལ། ནང་སྒོས་སུ་མགོ་མར་སྒུར་ནས་ལས་ཀ་ལས་པའམ་འཁྱག་སར་ཉལ་རྒྱུར་དགའ་བའི་མི་ལ་འབྱུང་བ་རེད། ཡིན་ནའང་། ཉེ་བའི་ལོ་འདི་འགར། མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། གློག་ཀླད་དང་ལག་འཁྱེར་ཁ་པར་ཚད་ལས་བརྒལ་ཏེ་བཀོལ་སྤྱོད་བྱས་པས། སྐེ་རྩ་འཁྱོག་པའི་ནད་འདི་ན་གཞོན་ལོ་ཆུང་དང་ཐ་ན་བྱིས་པ་རྣམས་ལ་ཡང་འབྱུང་བཞིན་ཡོད་པ་རེད།

སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་བའི་ནད་འདི་ཇི་ལྟར་བྱུང་བ་ཡིན་ནམ།

    སྐེ་རྩ་དང་དཔུང་བའི་ཤ་གནད་འགུལ་སྤྱོད་མང་དུ་བྱས་པ་དང་། གཉིད་སྟངས་མི་འགྲིག་པ། ཡང་ན་བསིལ་ཞིང་བརླན་ཆེ་བའི་ཁོར་ཡུག་ཏུ་སྡོད་པ་བཅས་ཀྱིས་སྐེ་ཚིགས་ཀྱི་ཤ་གྲིམ་ལ་རྩ་འཁུམ་བྱུང་སྟེ། ན་ཟུག་ལངས་པ་དང་འགུལ་མི་ཐུབ་པ་རེད།

    སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་ནི། གཅིག མགོ་མར་སྒུར་ནས་ལས་ཀ་ལས་པ་དང་། དུས་ཚོད་རིང་བོར་གློག་ཀླད་དང་ལག་འཁྱེར་ཁ་པར་བཀོལ་སྤྱོད་བྱས་ཏེ་སྐེ་དང་དཔུང་བའི་ཤ་གྲིམ་ལ་གནོད་པ་བཟོས་པ། གཉིས། གཉིད་སྟངས་མི་འགྲིག་པ་སྟེ། སྔས་མགོ་མཐོ་དྲགས་པའམ་ཡང་ན་ཉལ་གདན་སྲ་དྲགས་པ་དང་སྙི་དྲགས་པ། གསུམ། མ་ཉལ་བའི་སྔོན་དང་གཉིད་ལོག་པའི་སྐབས་སུ་སྐེ་རྩ་དང་ཕྲག་པར་གྲང་འཁྱག་ཐེབས་པ། བཞི། སྔོན་ཆད་སྐེ་དང་ཕྲག་པར་གནོད་པ་ཐེབས་ཏེ། སྐེ་ཚིགས་ཀྱི་ནད་དམ་ཡང་ན་ཕྲག་པའི་གཉན་ཚད་ཡོད་པ། ལྔ། འགུལ་སྐྱོད་བྱེད་ཚད་ཉུང་བས། སྐེ་དང་ཕྲག་པའི་ཕུང་གྲུབ་ལ་ཁྲག་མཁོ་འདོན་བྱེད་མ་ཐུབ་པ་བཅས་ཡིན།

སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་བའི་ནད་བྱུང་རྗེས་ཇི་ལྟར་བཅོས་དགོས།

    གཅིག སྐེ་རྩ་འཁྱོག་པའི་གནས་ལ་དོ་སྣང་བྱེད་དགོས། སྐེ་རྩ་འཁྱོག་པའི་ནད་ནི་ཚབས་ཆེ་བ་ཞིག་མིན་མོད། འོན་ཀྱང་མི་ཉུང་ཤས་ཤིག་ལ་སྐེ་རྩའི་ཆ་ཤས་ཀྱི་ཕུང་གྲུབ་ལ་གནོད་པ་ཚབས་ཆེན་ཡོད་པ་རེད། མྱུར་བའི་རང་བཞིན་གྱི་སྐབས་སུ་ཤུགས་དྲག་པོས་སྐེ་གཅུས་པ་དང་། ཡང་ན་རང་ཉིད་དམ་མི་གཞན་པས་ཤུགས་དྲག་པོས་སྐེ་ཚིགས་གཅུས་ཚེ་སྐེ་ཚིགས་ལ་གནོད་པ་ཚབས་ཆེན་བཟོ་སྲིད། སྐེ་རྩ་འཁྱོག་པ་མྱུར་བའི་སྐབས་སུ་དེ་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས་འགུལ་སྐྱོད་ཇེ་ཉུང་དུ་གཏོང་དགོས།

    གཉིས། དྲོད་དུགས་བྱེད་དགོས། ལག་ཕྱིས་ཚ་འདེ་དང་ཆུ་ཚའི་འགྱིག་རྐྱལ་དེ་སྐེ་རྩ་འཁྱོག་པའི་གནས་སུ་སྐར་མ་བཅུ་ནས་བཅོ་ལྔའི་བར་བརླན་ནས་དྲོད་དུགས་བྱེད་པ་དང་། ཐེངས་གཅིག་གིས་ན་ཟུག་ཡོངས་སུ་སེལ་མ་ཐུབ་ན། ཉིན་གཅིག་ལ་ཐེངས་གཉིས་ནས་ཐེངས་གསུམ་བར་དྲོད་དུགས་བྱེད་དགོས། འཚིག་སྐྱོན་མི་ཐེབས་པའི་ཆེད་དུ་དྲོད་དུགས་བྱེད་སྐབས་ཚ་དྲགས་མི་རུང་། དྲོད་དུགས་བྱས་ན་སྐེ་རྩའི་ཤ་གྲིམ་འཁུམ་པ་ཇེ་ལྷོད་དུ་བཏང་སྟེ་དེའི་ཕུང་གྲུབ་ཀྱི་ཁྲག་འཁོར་སྐྱོད་ཇེ་ལེགས་སུ་གཏོང་ཐུབ། བྱེད་ཐབས་འདི་སྟབས་བདེ་ཞིང་ཕན་ནུས་བཟང་།

སྐེ་རྩ་འཁྱོག་པ་ཡང་བསྐྱར་འབྱུང་བར་ཇི་ལྟར་སྔོན་འགོག་བྱེད་དགོས།

    སྐེ་རྩ་དང་ཕྲག་པར་སྲུང་སྐྱོབ་ལེགས་པོ་མ་བྱས་ན། ཡང་བསྐྱར་སྐེ་རྩ་འཁྱོག་པའི་ནད་ཚབས་ཆེན་འབྱུང་སྲིད། དེར་བརྟེན། མི་རྣམས་ཀྱིས་སྐེ་རྩ་འཁྱོག་པའི་ནད་བྱུང་རྗེས་གསོ་བཅོས་ལ་དོ་སྣང་དང་ནད་དེ་སླར་འཕར་བར་སྔོན་འགོག་བྱེད་དགོས།

    སྐེ་རྩ་དང་ཕྲག་པའི་ཤ་གྲིམ་འགུལ་སྐྱོད་ལེགས་པོ་བྱེད་པ་དང་། ཡུན་རིང་ལ་བཙོག་ནས་མི་འདུག་པར་དུས་ཚོད་སྐར་མ་སུམ་ཅུ་ནས་ཞེ་ལྔའི་ནང་ཡར་ལངས་ནས་འགུལ་སྐྱོད་རེ་བྱེད་དགོས། འོན་ཀྱང་སྐེ་མཇིང་དང་སྒལ་ཚིགས་ཤུགས་དྲག་པོས་འགུལ་སྐྱོད་བྱེད་མི་རུང་།

    ཤུགས་བཀོལ་སྟངས་ལ་མཉམ་བཞག་ཏེ། ཡུན་རིང་བཙོག་ནས་ལས་ཀ་མི་ལས་པ་དང་། མགོ་དེ་འདྲ་མར་མི་སྒུར་བ། སྒལ་ཚིགས་ནང་དུ་མི་རྡིབ་པ་བཅས་བྱས་ཏེ། ལུས་པོ་ལྷོད་ལྷོད་དུ་འདུག་དགོས།

    ཆོས་ཉིད་ལྡན་པའི་འགུལ་སྐྱོད་ཀྱི་གོམས་སྲོལ་ལེགས་པོ་ཆགས་སུ་འཇུག་དགོས། འགུལ་སྐྱོད་ཀྱིས་ང་ཚོའི་བྱ་བའི་ལས་ཆོད་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ད་རུང་ང་ཚོའི་ལུས་པོ་ཡང་སྲུང་སྐྱོབ་བྱེད་ཐུབ། དབྱང་ལྡན་འགུལ་སྐྱོད་ཀྱིས་ང་ཚོའི་ལུས་པོའི་ཕུང་གྲུབ་ལ་ཁྲག་འདོན་པ་ལེགས་བཅོས་བྱེད་ཐུབ་པས། སྐེ་རྩ་འཁྱོག་པའི་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་ལེགས་པོ་བྱེད་ཐུབ། སྐེ་དང་ཕྲག་པའི་ཤ་གྲིམ་ལ་སྦྱོང་བརྡར་ལེགས་པོ་བྱས་ཚེ། སྐེ་དང་ཕྲག་པའི་ནད་རིགས་སྣ་ཚོགས་འབྱུང་བ་ནུས་ཡོད་སྒོས་སྔོན་འགོག་བྱེད་ཐུབ།

    སྐེ་རྩ་འཁྱོག་པ་སྟེ་སྐེ་ཚིགས་མཁྲེགས་པོར་གྱུར་རྗེས། སྐེ་རྩ་དང་ཕྲག་པར་ན་ཟུག་ཆེན་པོ་ལངས་པ་དང་རང་ཉིད་ཀྱིས་ན་ཟུག་སེལ་མ་ཐུབ་ན། སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།