中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ས་འགུལ་གྱི་རྒྱུན་ཤེས་སྐོར།
དུས་ཚོད།2019-04-24 10:21:08     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
1 ས་འགུལ་གྱི་གོད་ཆག   
ས་འགུལ་གྱི་གོད་ཆག་ནི་ནམ་རྒྱུན་གློ་བུར་བ་དང་ཉེན་ཚབས་ཆེ་བ་དང་། རྨས་མ་འབོར་ཆེན་དང་རྨ་ཁ་སྣ་མང་ཡོད་པ་ཞིག་ཡིན། ས་འགུལ་གྱི་གོད་ཆག་དེ་གཙོ་བོ་སྡོད་ཁང་འགྱེལ་ནས་མི་ལུས་ལ་ཆག་སྐྱོན་དང་གཅུར་སྐྱོན་ཕོག་པ་དང་མི་མང་པོའི་མགོ་རུས་དང་ཕོ་བ། རྐང་ལག་དང་སྒལ་ཚིགས་བཅས་སུ་རྨས་སྐྱོན་ཕོག་པ་ཞིག་རེད། ས་འགུལ་གྱི་སྐབས་སུ་རྨས་མ་མང་པོ་དུས་གཅིག་ཏུ་ཐོན་སྲིད་པས། མྱུར་སྐྱོབ་ཀྱི་ལས་ཀ་སོགས་གཙོ་བོ་མང་ཚོགས་ཀྱི་རོགས་སྐྱོར་འོག་ལག་བསྟར་བྱེད་དགོས།དེའི་རྐྱེན་གྱིས་ས་གནས་ཀྱིས་བཀོད་འདོམས་ལེགས་པོ་བྱེད་པ་དང་མི་སྣ་བཀོད་སྒྲིག་ལེགས་པོ་ཡོང་བ་ནི་ཤིན་ཏུ་གལ་ཆེ།
2 ས་གནས་ཀྱི་བཀོད་འདོམས།
མྱུར་སྐྱོབ་པས་ས་གནས་ལ་རྟོག་ཞིབ་ལེགས་པོ་བྱེད་དགོས་པ་སྟེ། ཁང་པའི་སྐྱོན་བྱུང་ཚད་དང་། རྨས་མའི་མང་ཉུང་དང་ས་གནས་སོགས་ལ་ལེགས་པར་གཞིགས་ཏེ་མྱུར་སྐྱོབ་བྱེད་གནས་བདེ་འཇགས་ཅན་འདེམས་དགོས། མྱུར་སྟབས་ཀྱིས་ས་གནས་བཀོད་འདོམས་རུ་ཁག་དང་བཀོད་འདོམས་ལྟེ་གནས་འཛུགས་དགོས་ཤིང་། རྨས་མ་དག་མགྱོགས་མྱུར་ངང་རྨས་སྐྱོན་བྱུང་སའི་ས་གནས་ལས་གཞན་དུ་སྤར་ཅིང་བདེ་འཇགས་ཀྱི་ས་གནས་སུ་ཁྱེར་ཏེ་མྱུར་སྐྱོབ་གང་ལེགས་བྱེད་དགོས།
3 མྱུར་སྐྱོབ་བྱེད་ཐབས
⑴ དབུགས་ཆད་ཟིན་པའི་རྨས་མ་ཞིག་ཡིན་ཚེ། ལམ་སང་གློ་སྙིང་ནུས་པ་སླར་གསོའི་སྨན་བཅོས་བྱེད་དགོས་ལ།དང་ཐོག་ཁ་སྣའི་ནང་གི་ས་རྡུལ་གཙང་ཕྱིས་དང་དབུགས་ཀྱི་རྒྱུ་ལམ་བསལ་དགོས་ཤིང་། དེ་མུར་མྱུར་དུ་སྨན་ཁང་དུ་སྐྱེལ་དགོས།
⑵ དྲན་འཐོར་རྨས་མ་ཡོད་ན་དྲང་མོར་ཉལ་དུ་འཇུག་པ་ལས། གཡོ་འགུལ་ཆེན་པོ་བཟོ་མི་ཉན། ས་འགུལ་གྱིས་བསྐྱེད་པའི་དྲན་འཐོར་ནད་པ་མང་པོ་ཞིག་གི་སྙིང་ཁར་རྨས་སྐྱོན་ཤོར་ཡོད་པས། མྱུར་བར་སྨན་ཁང་དུ་བསྐྱལ་ན་བཟང་།
⑶ རྨ་ཁ་ཡོད་ན་ལམ་སང་རྨ་ཁའི་ཉེ་འཁོར་གྱི་ས་རྡུལ་གཙང་ཕྱིས་བྱེད་པ་དང་། གཅུད་ཆས་སོགས་རས་རྒྱུ་གཙང་མས་རྨ་ཁ་གཅུད་དེ་ཁྲག་གཅོད་དགོས། ས་འགུལ་གྱིས་བསྐྱེད་པའི་རྨས་མའི་རྨ་ཁར་གཉན་ཚད་རྒྱས་ཤུགས་ཆེ་བས་ལམ་སང་སྨན་ཁང་དུ་འགྲོ་བའམ། རྨ་ཁ་གཙང་ཁྲུས་བྱེད་པ་དང་གཉན་ཚད་མི་རྒྱས་པའི་འགོག་སྨན་རྒྱག་དགོས
⑷ རྐང་ལག་གི་ཚིགས་དཀྱོག་པའམ་ཚིགས་ཕུད་པའི་གནས་ཚུལ་བྱུང་ཚེ། ཐབས་ལམ་སྣ་ཚོགས་སྤྱད་ནས་རྐང་ལག་གི་ཚིགས་སོར་ཆུད་བྱས་རྗེས་སྨན་ཁང་དུ་སྐྱེལ་དགོས།
⑸ ས་འགུལ་བྱུང་སྐབས་སུ་སྒལ་ཚིགས་ལ་དཀྱོག་སྐྱོན་ཤོར་བའི་གནས་ཚུལ་ཤིན་ཏུ་མང་མོད། གང་དུ་སྐྱོན་ཤོར་ཡོད་པ་ཤེས་དཀའ་བས། སྤོ་འགུལ་དང་གནས་གཞན་དུ་སྐྱེལ་སྐབས་ངེས་པར་དུ་དོགས་ཟོན་བྱེད་དགོས། སྐེ་ཚིགས་ཕུད་པའི་ནད་པ་སྐྱོབ་སྐབས་མགོ་དང་ལུས་པོ་དྲང་ཐད་དུ་འཇོག་དགོས། སྙིང་ཁ་དང་སྐེད་པའི་རུས་པར་སྐྱོན་བྱུང་བའི་ནད་པའམ། ལུས་ཕྱེད་ཞ་བའི་ནད་པ་སྐྱོབ་སྐབས་ངེས་པར་གཟབ་གཟབ་མ་བྱས་ན་སྒལ་ཀླད་ལ་སྐྱོན་ཕོག་སྲིད། སྐེ་ཚིགས་ཕུད་པའི་ནད་པ་ཡིན་ན་སྐེ་འོར་གྱིས་བརྟན་ཆགས་བྱས་རྗེས་འདྲེན་སྤོར་བྱེད་དགོས། སྒལ་ཚིགས་ལ་སྙད་ཕོག་པའི་ནད་པ་ཡོད་ཚད་བྱམས་ཁྲིའི་སྟེང་འཁྱེར་དུས་ངེས་པར་དུ་བྱམས་ཁྲི་ཁོད་སྙོམ་ཡིན་དགོས་ཤིང་། སྐ་རགས་སོགས་ཀྱིས་བསྡམས་ཏེ་གཡོ་འགུལ་དང་སྤྲུག་སྡེབ་མི་བྱེད་པ་བྱེད་དགོས།
4 དོགས་ཟོན་བྱེད་དགོས་ས།
⑴ བློ་སེམས་བརྟན་པོའི་ངང་བཀོད་འདོམས་བྱེད་པ་ལས་འཚབ་འཚུབ་བྱེད་མི་རུང་།
⑵ ནད་ཚབས་ཆེ་ཆུང་ལ་གཞིགས་ནས་མྱུར་སྐྱོབ་བྱེད་པ་དང་སྨན་ཁང་དུ་སྐྱེལ་དགོས།
⑶ ཚིགས་ཕུད་པའམ་ལྷག་པར་ཏུ་སྒལ་ཚིགས་ལ་སྐྱོན་ཕོག་ཡོད་པར་འདོད་ཚེ། རྨས་སྐྱོན་ཇེ་ལྗིད་དུ་མི་གཏོང་བའི་ཆེད་དུ་ནད་པར་རང་ནུས་ཀྱིས་འགྲོ་འདུག་བྱེད་དུ་འཇུག་མི་རུང་།
⑸ སྒལ་ཚིགས་ལ་སྐྱོན་ཕོག་པའི་ནད་པ་ཡིན་ན། སྒལ་ཀླད་ལ་གནོད་སྐྱོན་མི་ཕོག་པའི་ཆེད་དུ་ངེས་པར་དུ་པང་ལེབ་སྟེང་འཇོག་པ་ལས་རས་བཟོས་བྱམས་ཁྲི་སྤྱོད་མི་རུང་།
5.མི་གཅིག་གིས་ཁྲིད་ཐབས།
སྐྱོར་ཅིང་ཁྲིད་པ། ཐབས་ལམ་འདི་རྨས་མའི་རྣམ་རིག་སངས་པའི་ཆེད་དུ་རུས་ཚིགས་ཕུད་མེད་པ་དང་རྨས་སྐྱོན་ཡང་བ། རང་སྟོབས་ཀྱིས་འགྲོ་འདུག་ནུས་པའི་ནད་པར་འཚམ་པོ་ཡོད། མྱུར་སྐྱོབ་པ་རྨས་མའི་ཟུར་དུ་ལངས་ཏེ། ནད་པའི་ལག་ཡ་མྱུར་སྐྱོབ་པའི་སྐེ་ཐོག་ནས་འཁྱེར་དགོས་ལ། མྱུར་སྐྱོབ་པས་ལག་ཡ་ཡིས་སྐེ་ཐོག་ནས་ཁྱེར་བའི་ནད་པའི་ལག་ཡ་ནས་བཟུང་ཞིང་། ལག་ཡ་ཡིས་ནད་པའི་རྒྱབ་ཕྱོགས་ནས་བསྐྱོར་ཏེ་དལ་མོར་འགྲོ་དགོས།
(1) རྒྱབ་ཏུ་ཁུར་བའི་ཐབས།ཐབས་ལམ་འདི་ནི་ལོ་ལོན་དང་བྱིས་པ། གཟུགས་གཞི་ཡང་ལ་རྣམ་རིག་གསལ་བའི་ནད་པར་འཚམ་པོ་ཡོད། མྱུར་སྐྱོབ་པ་རྨས་མའི་སྔུན་ནས་མགོ་བོ་བསྒུར་ཅིང་། ནད་པར་ལག་པ་གཉིས་པོས་མྱུར་སྐྱོབ་པའི་ཕྲག་པ་ནས་བརྐྱངས་ཏེ་བྲང་ཁར་ཐོན་དུས་ལག་པ་གཉིས་པོ་དམ་པོར་འཆང་དུ་འཇུག་དགོས་ཤིང་། མྱུར་སྐྱོབ་པས་ནད་པའི་བླ་གཉིས་ནས་བཟུང་སྟེ་དལ་མོས་ངང་ཡར་ལངས་དགོས། གལ་ཏེ་རྐང་ལག་དང་སྒལ་ཚིགས་ལ་སྐྱོན་ཕོག་ཡོད་ན་ཐབས་ལམ་དེ་སྤྱོད་མི་རུང་།
(2) གོག་འགྲོའི་ཐབས། ཐབས་ལམ་དེ་རྣམ་རིག་གསལ་བ་དང་མི་གསལ་བ་གཉིས་པོར་འཚམ་ཞིང་། ཁོར་ཡུག་གུ་དོག་པ་དང་དུ་སྨིག་གིས་ཁེངས་པའི་སར་སྤྱོད་ཆོག མྱུར་སྐྱོབ་པ་རྨས་མའི་སྟེང་དུ་ཞོན་འདུག་གིས་པུས་བཙུགས་ངང་བསྡད་ཅིང་། རྨས་མ་མྱུར་སྐྱོབ་པའི་སྐེ་ལ་འཐམ་དུ་འཇུག་པའམ། རང་ཉིད་ཀྱིས་རྨས་མའི་མཆན་འོག་ནས་བཟུང་སྟེ་དལ་མོས་བསྐྱོད་དགོས།
(3) པང་འགྲོའི་ཐབས།ཐབས་ལམ་འདི་ལོ་ན་ཆུང་ལ་ལུས་པོ་ཡང་བ་དང་རུས་ཚིགས་ཕུད་མེད་པ། ནད་པ་ཚབས་ཆེན་མིན་པ་ཚོར་འཚམ་ལ། བར་ཐག་ཐུང་ཐུང་ལ་ཤིན་ཏུ་ལེགས་པའི་ཐབས་ལམ་ཞིག་ཡིན། མྱུར་སྐྱོབ་པ་རྨས་མའི་གཞོགས་ཟུར་ནས་པུས་བཙུགས་ཀྱིས་བསྡད་ཅིང་། གདོང་རྨས་མར་ཕྱོགས། ལག་པ་གཅིག་རྨས་མའི་སྒྱིད་ཁུག་ཏུ་བཞག་ཅིང་། ལག་པ་གཅིག་གིས་རྨས་མའི་རྒྱབ་ཕྱོགས་ནས་ཁྱེར་ཏེ་དལ་མོས་རྨས་མ་ཚུར་བསྐྱོར་ཅིང་འཁྱེར་དགོས། གལ་ཏེ་སྒལ་ཚིགས་དང་བླ་རུས་ལ་སྐྱོན་ཕོག་ཡོད་པའི་ནད་པ་ཡིན་ན་ཐབས་འདི་གཏན་ནས་སྤྱོད་མི་རུང་།
6 མི་གཉིས་ཀྱིས་ཁྲིད་ཐབས།
རྣམ་རིག་གསལ་བའི་རྨས་མར་འཚམ། མྱུར་སྐྱོབ་པ་གཉིས་པོས་ཕན་ཚུན་གདོང་ཕྱོགས་ཤིང་རང་རང་གི་ལག་གཡས་པས་ལག་གཡོན་པའི་ལག་མགོ་ནས་དམ་པོར་བཟུང་ཞིང་། དེ་ནས་ལག་གཡོན་པས་མྱུར་སྐྱོབ་པ་གཞན་པའི་ལག་གཡས་པའི་ལག་མགོ་ནས་བཟུང་རྗེས། མར་སྒུར་ནས་རྨས་མར་ལག་པ་གཉིས་པོ་མྱུར་སྐྱོབ་པའི་སྐེ་རྒྱབ་ནས་འཛིན་དུ་འཇུག་དགོས། དེ་ནས་མྱུར་སྐྱོབ་པ་གཉིས་པོ་དུས་མཉམ་དུ་ཡར་ལངས་དགོས་ཤིང་། འགྲོ་བའི་སྐབས་སུ་དུས་མཉམ་གྱིས་ཕྱི་ཕྱོགས་ཀྱི་རྐང་པས་གོམ་པ་དང་པོ་སྤོ་དགོས་པས་མ་ཚད། གོམ་འགྲོས་ངེས་པར་དུ་གཅིག་གྱུར་ཡིན་དགོས།
(1) བཀྱགས་འགྲོའི་ཐབས། རྣམ་རིག་མི་གསལ་བའི་ནད་པར་འཚམས། རྨས་མ་སྙེ་ཁྲི་དང་འགྱོགས་བྱམས་སྟེང་དུ་འཁྱེར་བ་དང་ཁོར་ཡུག་གུ་དོག་ས་རུ་བེད་སྤྱོད་བྱེད། མྱུར་སྐྱོབ་པ་གཉིས་ལས་གཅིག་རྨས་མའི་རྒྱབ་ཕྱོགས་ནས་ལག་གཉིས་རྨས་མའི་མཆན་འོག་ནས་ཐོན་ཏེ་རྨས་མའི་བྲང་ཁ་ནས་བསྣོལ་ཅིང་། ལག་པ་གཉིས་ཀྱིས་རྨས་མའི་ལག་མགོ་ནས་འཛིན་དགོས། གཞན་པ་དེས་རྨས་མའི་རྐང་པ་གཉིས་ནས་བཟུང་ཏེ་སྔ་རྗེས་སུ་འགྲོ་དགོས།
7 མི་གསུམ་མམ་བཞིས་འཁྱེར་ཐབས།
མི་གསུམ་མམ་བཞིས་དྲང་སྙོམ་སྒོས་འཁྱེར་བའི་ཐབས་འདི་ནི་སྒལ་ཚིགས་ལ་སྐྱོན་ཕོག་པའི་རྨས་མར་འཚམ་པོ་ཡོད། མི་གསུམ་གྱིས་གཞོགས་མི་འདྲ་བ་ནས་བསྐྱོར་ནས་འགྲོ་བ། མི་གཉིས་ནད་པའི་གཞོགས་གཅིག་ནས་བསྡད་ཅིང་ཕྲག་པ་དང་སྐེད་པ། གཞོགས་ཟུར། པུས་མོ་བཅས་ནས་སྐྱོར་བྱམས་བྱེད་དགོས་ཤིང་། མི་གསུམ་པ་དེ་གཞོགས་གཞན་ནས་བསྡད་ཅིང་ལག་པ་གཉིས་པོ་རྨས་མའི་གཞོགས་འོག་ནས་ཁྱེར་ཏེ་མྱུར་སྐྱོབ་པ་གཞན་གཉིས་ཀྱི་ལག་མགོ་ནས་འཛིན་དགོས། མི་གསུམ་པོ་པུས་བཙུགས་ཀྱིས་བསྡད་ཅིང་ནད་པའི་ཕྲག་པ་དང་ལྟག་རྒྱབ། གཞོགས་གཉིས།སྒྱིད་ཁུག་བཅས་ནས་བསྐྱོར་བྱམས་ཀྱིས་དལ་མོས་དུས་མཉམ་ངང་ཡར་ལངས་ཏེ་འགྲོ་དགོས། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།