中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ལུས་སྦྱོང་ཚད་ལས་བརྒལ་བའི་ཉེན་བརྡ།
དུས་ཚོད།2019-05-08 09:13:19     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ལུས་ཕུང་སྦྱོང་བརྡར་བྱེད་པ་ནི་གོམས་གཤིས་བཟང་བོ་ཞིག་ཡིན་མོད། འོན་ཀྱང་ཁྱེད་ཀྱིས་རང་ཉིད་ཀྱི་ལུས་ཕུང་སྦྱོང་བརྡར་བྱེད་པའི་ནུས་པ་ཇེ་ཞན་ནས་ཇེ་ཞན་ཡིན་པ་ཤེས་པའམ་ཡང་ན་རྒྱུན་དུ་ཐང་ཆད་པའི་སྣང་བ་བྱུང་ན། དེ་ནི་ལུས་ཕུང་སྦྱོང་བརྡར་ཚད་ལས་བརྒལ་བའི་རྟགས་རེད། ཆེད་མཁས་པས་ལུས་ཕུང་སྦྱོང་བརྡར་ཚད་ལས་བརྒལ་བའི་སྐབས་སུ་བྱུང་བའི་ཉེན་བརྡ་འདི་དག་སྣང་མེད་དུ་འཇོག་མི་རུང་བའི་དྲན་སྐུལ་བྱེད་ཀྱིན་ཡོད།
    སྐྱུགས་པ་དང་ཞེ་མེར་ལངས་པ།  འཇུ་བྱེད་མ་ལག་གི་ནད་རིགས་ཕུད་རྗེས། ལུས་སྦྱོང་བྱེད་པའི་སྐབས་དང་ལུས་སྦྱོང་བྱས་རྗེས་སུ་ཞེ་མེར་ལངས་ན། ཕལ་ཆེར་ལུས་སྦྱོང་ཚད་ལས་བརྒལ་བ་ལས་བྱུང་བའི་དབྱང་དབུགས་དཀོན་པའི་རྟགས་རེད། སྐབས་དེར་ལུས་སྦྱོང་བྱེད་མཁན་གྱིས་ལུས་སྦྱོང་བྱེད་ཚད་ཇེ་དལ་དུ་གཏོང་དགོས།
    མགོ་ན་བ་དང་མགོ་ཡུ་འཁོར་བ།  ལུས་སྦྱོང་བྱེད་པའི་སྐབས་དང་ལུས་སྦྱོང་བྱས་པའི་རྗེས་གང་ཞིག་ཡིན་རུང་མགོ་ན་བའི་གནས་ཚུལ་འབྱུང་མི་འོས། གལ་ཏེ་མགོ་ན་བའི་གནས་ཚུལ་བྱུང་ན། ལུས་སྦྱོང་བྱེད་མཚམས་བཞག་ནས། གློ་སྙིང་གི་ནུས་པར་བརྟག་དཔྱད་བྱ་དགོས། འཁོར་བའི་རིགས་ཀྱི་འགུལ་སྐྱོད་བྱས་ན་མ་གཏོགས་མགོ་ཡུ་འཁོར་བའི་གནས་ཚུལ་འབྱུང་མི་སྲིད་པས། གལ་ཏེ་ལུས་སྦྱོང་བྱས་པའི་རྗེས་སུ་མགོ་ཡུ་འཁོར་བའི་གནས་ཚུལ་བྱུང་ན། ཀླད་པར་ཁྲག་འདོན་སྤྲོད་བྱས་པ་མི་འདང་བའི་རྟགས་ཡིན་པས། དུས་ཐོག་ཏུ་ཀླད་པའི་ཁྲག་རྩའི་མ་ལག་དང་ཡང་ན་མཇིང་ཚིགས་ལ་བརྟག་དཔྱད་བྱ་དགོས།
    བྲང་ཁོག་མི་བདེ་བ།  གལ་ཏེ་ལུས་ཕུང་སྦྱོང་བརྡར་བྱས་པ་ཚད་ལས་བརྒལ་ན། བྲང་ཁ་ནས་རྔུལ་ཆུ་བཞུར་བ་དང་མཉམ་དུ་དབུགས་འཚང་བའི་གནས་ཚུལ་མངོན་སྲིད། དེ་ནི་སྙིང་ལ་གནོན་ཤུགས་ཐེབས་པའི་ཉེན་བརྡ་ཡིན་པས་མྱུར་དུ་ལུས་སྦྱོང་བྱེད་མཚམས་འཇོག་དགོས། གལ་ཏེ་བྲང་ཁོག་ལ་ན་ཟུག་དྲག་པོ་བྱུང་བའམ་ཡང་ན་དབུགས་ལེན་མི་ཐུབ་པ་སོགས་ཀྱི་སྣང་ཚུལ་བྱུང་ན། ཁྲག་རྩ་འགག་པའི་དབང་གིས་སྙིང་ཁྲག་འཁོར་རྒྱུག་བྱེད་ཚད་ཇེ་དལ་དང་དབྱང་ཇེ་ཉུང་དུ་སོང་སྟེ་སྙིང་ནད་སློང་བའི་རྟགས་ཡིན་པས། མྱུར་དུ་སྨན་པར་སྟོན་དགོས།
    ཐང་ཆད་པ།  ལུས་ཕུང་སྦྱོང་བརྡར་བྱས་ན་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་ཡིད་མུག་པ་དང་སེམས་འཚབ་པ་སོགས་ཀྱི་གནས་ཚུལ་གསོ་བཅོས་བྱེད་ཐུབ་མོད། འོན་ཀྱང་ལུས་སྦྱོང་ཚད་ལས་བརྒལ་ན་ཡིད་མུག་པ་དང་ཁོང་ཁྲོ་ལངས་སླ་བ། དགའ་ཁྲོ་ངེས་མེད་ཡིན་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། གལ་ཏེ་ལུས་སྦྱོང་བྱས་རྗེས་ལུས་པོ་ཐང་ཆད་ན། མྱུར་དུ་རང་སྟེང་ནས་སྙོམ་སྒྲིག་བྱས་ཏེ་ལུས་སྦྱོང་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།
    རྐང་ལག་བཞི་བོར་ཤུགས་མེད་པ།  རྐང་ལག་བཞི་བོར་ཤུགས་མེད་པའི་སྣང་ཚུལ་དེ་ནི་སྤྱིར་བཏང་དུ་སྐར་མ་འགར་ངལ་གསོས་རྗེས་སླར་གསོ་འབྱུང་ཐུབ། གལ་ཏེ་ཉིན་འགའ་ལ་བསྟུད་མར་རྐང་ལག་བཞི་བོར་ཤུགས་མེད་པའི་སྣང་ཚུལ་བྱུང་ན། མཚེར་བར་གནོད་པ་ཐེབས་པའི་རྟགས་ཡིན་པ་དང་། དེ་ལ་ཕོ་བ་སྦས་པ་སོགས་ཀྱི་ནད་རྟགས་སྦྲགས་མི་མངོན་ན། ལུས་སྦྱོང་བྱེད་ཚད་དེ་བས་ཀྱང་ཇེ་ཉུང་དུ་གཏོང་དགོས།
    དབུགས་འཚང་བ།  ལུས་སྦྱོང་བྱེད་སྐབས་དབུགས་འཚང་བ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་འགུལ་སྐྱོད་ཅུང་ཙམ་བྱས་ནའང་དབུགས་འཚང་བ་དང་ཡུན་རིང་བོར་ངལ་གསོ་བྱས་ནའང་སླར་གསོ་མི་ཐུབ་པའི་གནས་ཚུལ་བྱུང་ན། གློ་བའི་ནུས་པ་མི་བཟང་བའི་རྟགས་ཡིན།
    རུས་ཚིགས་ན་བ།  ལུས་སྦྱོང་བྱས་ཚར་རྗེས་རུས་ཚིགས་ན་བ་དང་ན་ཡུན་སྐར་མ 30ཡན་བརྒལ་ན་ངེས་པར་དོ་སྣང་བྱ་དགོས། ན་ཟུག་དེ་ཚིགས་མོའི་ནང་དུ་འབྱུང་བ་དང་ཚིགས་མོའི་ནུས་པར་གནོད་པ་ཐེབས་པའི་སྐབས་སུ། ཆུ་བར་རྨས་སྐྱོན་ཕོག་ཡོད་མེད་ལ་བསམ་བློ་གཏོང་དགོས།
    ཤ་གནད་ན་བ།  ཐོག་མར་ལུས་སྦྱོང་བྱེད་པ་དང་ཡང་ན་ཡུན་རིང་བོར་ལུས་སྦྱོང་བྱེད་མཚམས་བཞག་ནས་ཡང་བསྐྱར་ལུས་སྦྱོང་བྱེད་པ། ད་རུང་ལུས་སྦྱོང་བྱེད་སྟངས་བསྒྱུར་བ་སོགས་ཀྱི་སྐབས་སུ་ཤ་གནད་ན་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་ཡུན་རིང་བོར་ཤ་གནད་ན་བ་ཡིན་ན། ཤ་གནད་ཀྱི་མཉེན་པོའི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པའི་རྟགས་ཡིན།
    མདོར་ན་ལུས་ཕུང་སྦྱོང་བརྡར་མ་བྱས་གོང་ལ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ནས། རང་ཉིད་ཀྱི་སྙིང་དང་གློ་བའི་བྱེད་ནུས་གནས་ཚུལ་ལྟར་འཚམ་པའི་ལུས་སྦྱོང་བྱེད་སྟངས་དང་ལུས་སྦྱོང་བྱེད་ཚད་ཅིག་གཏན་འཁེལ་བྱས་ན་བཟང་ངོ་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།