中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཆུང་དུས་ནས་ཕ་མས་བསླབས་པའི་འཚོ་བའི་རྒྱུན་ཤེས་འགའ།
དུས་ཚོད།2020-09-22 09:39:53     རྩོམ་གྱི་ཡོང་ཁུངས།བཙན་པོའི་མགར་གྱི་དྲ་བ་ལས།    ཆུང་། | འབྲིང་། | ཆེ།
 
    གཅིག ནངས་མོ་ཐབ་ཀར་མེ་གཏོང་སྐབས་ཐོག་མར་མ་ཎི་བཏོན་ནས་ཐབ་ཁུང་དུ་ཕུ་བཏབ་རྗེས་མེ་གཏོང་དགོས། དེ་མིན་མཚན་མོར་ཐབ་ཁུང་དུ་དྲི་ཟའི་གྲོང་ཁྱེར་ཆགས་ཡོད་སྲིད་པས་དེར་གནོད་འགྲོ་བར་བཤད་དོ།
    གཉིས། དུས་རྒྱུན་སྒོ་ཁྱིའི་གམ་དུ་འགྲོ་མི་རུང་ལ་ལྷག་པར་ལག་པས་རེག་མི་རུང་། རྒྱུ་མཚན་ནི་ཁྱི་ནི་གློ་བུར་དུ་ཁོང་ཁྲོ་ལངས་སྲིད་ལ་སྐབས་འགར་བདག་པོའི་ཁར་ཡང་མི་ཉན་པའམ་བདག་པོར་རྨུགས་པའི་གནས་ཚུལ་ཡང་འབྱུང་བས་སོ།
    གསུམ། གང་འདོད་དུ་གྲི་ས་ལ་འཛུག་མི་རུང་། གྲི་ས་ལ་བཙུགས་ན་ཨ་མ་ལ་གྲི་བསྣུན་པ་དང་མཚུངས་པའི་ཉེས་པ་ཡོད་པར་བཤད། འོན་ཀྱང་སེར་དྲག་བབས་ཏེ་གློག་འཁྱུགས་སྐབས་གྲི་ལྕགས་ས་ལ་བརྡབས་ན་ཐོག་གིས་གནོད་སྲོལ་ཡོད།
    བཞི། མགྲོན་པོ་ཕྱིར་ལོག་མ་ཐག་ནས་ཤུལ་དུ་ཕྱགས་མ་རྒྱག་མི་རུང་ལ། ལྷག་པར་དུ་བླ་མ་དང་སློབ་དཔོན་སོགས་གཉན་པོའི་རིགས་ཡིན་ན་བཞུགས་གདན་ཞག་གཅིག་གི་རིང་ལ་མི་བསྡུ་བར་སྟེང་དུ་ཁ་བཏགས་འཕེན་པའམ་ནས་གཏོར་ཏེ་འཇོག་དགོས་སོ།
    ལྔ། སྐྱོགས་དང་བ་མ་སོགས་ཐུན་མོང་གིས་བེད་སྤྱོད་གཏོང་དགོས་པའི་སྣོད་ཆས་ལ་མཆུ་ཡིས་རེག་སྟེ་བཏུང་བ་དང་ཟས་ཟ་བ་སོགས་བྱེད་མི་རུང་ངོ་།
    དྲུག ཐལ་བ་ཕོ་བ་དང་ཆུ་ལེན་དུ་འགྲོ་སྐབས་གློ་བུར་དུ་འགྲུལ་བ་དང་ཕྲད་ན་མྱུར་དུ་ཐལ་གཞོང་ངམ་ཟོ་སྟོང་རྒྱབ་ཏུ་བསྐུངས་ཏེ་འགྲུལ་བས་མི་མཐོང་བར་བྱེད་པའམ་ས་རུ་བཞག་སྟེ། ཁ་ནས་ཁོ་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད་དགོས་སོ།
    བདུན། གཞན་ལ་གྲི་དང་འབིག་སོགས་མཚོན་ཆའི་རིགས་སྟེར་སྐབས་མཚོན་རྩེ་རང་ལ་བསྐོར་ཞིང་ཡུ་བ་གཞན་ལ་གཏད་དེ་སྟེར་དགོས། མཚོན་རྩེ་གཞན་ལ་གཏད་དེ་སྟེར་བ་ནི་གཞན་ལ་མ་གུས་པ་བྱས་པ་ཡིན།
    བརྒྱད། རང་གི་ཞྭ་མོ་མི་གཞན་ལ་གྱོན་དུ་འཇུག་པའམ་ལྷག་པར་དུ་བྱིས་པའི་མགོ་ལ་ཞྭ་མོ་གང་འདོད་དུ་འགེབ་མི་རུང་། གཞན་གྱི་ཞྭ་མོ་གྱོན་ན་ཤེས་རབ་དང་དྲན་པ་མི་གསལ་བ་སོགས་ཀྱི་མནོལ་གྲིབ་ཕོག་པར་བཤད་པས་སོ།
    དགུ ཐབ་ཀའི་སྟེང་དུ་ཁྱིམ་ཚང་རང་གི་མིས་ཀྱང་ལྷམ་དང་རྐང་འབོབ་དོར་མ་སོགས་སྨད་ལ་གྱོན་རྒྱུའི་རིགས་སྐམ་སྲད་བྱས་ན་ཐབ་ལྷ་དང་ཁྱིམ་ལྷ་མནོལ་ཞིང་བཀྲ་མི་ཤིས་པ་འབྱུང་བས་དེ་ལྟར་བྱ་མི་རུང་ངོ་།
    བཅུ། ཡུལ་གཞན་དུ་འགྲོ་སྐབས་ལམ་བར་ནས་ཆུ་བླངས་ཏེ་ཕྱིར་ཁྱིམ་དུ་ལོག་མཁན་དང་ཕྲད་ན་ཤིན་ཏུ་བཀྲ་ཤིས་པའི་རྟགས་ཡིན་པས། ཆུ་མ་རྒྱལ་མོ་ངོ་སོ་བསྟོད། ཆུ་ཕུད་དཀོན་མཆོག་གསུམ་ལ་མཆོད་ཟེར་གྱིན་ཞྭ་ཕུད་དེ་དགའ་བ་བསྒོམ་དགོས་སོ།
    བཅུ་གཅིག རྐུབ་སྟེགས་མ་ཡིན་པའི་ཅ་ལག་གིས་རྐུབ་སྟེགས་བྱས་ཏེ་བསྡད་ན་ཁྱིམ་ཚང་དེར་བརྩི་བཀུར་མ་བྱས་པར་བརྩི་བས། ཅ་ལག་གང་ཡིན་གྱི་སྟེང་དུ་རྐུབ་སྟེགས་བྱས་ཏེ་འདུག་པར་མི་བྱའོ། ལྷག་པར་དུ་ལྷ་རྟེན་དང་གསུང་རབ། ཟ་མ་སོགས་ཀྱི་སྟེང་དུ་འགོམ་ནས་འགྲོ་མི་རུང་།
    བཅུ་གཉིས། དངོས་རྫས་གང་ཡིན་ཡང་སྟེང་ནས་འགོམ་ནས་འགྲོ་མི་རུང་། གཞན་གྱིས་འགོམ་ཡུག་ཤོར་བའི་ཅ་ལག་བཀོལ་ན་ལུས་ལྷ་དང་ཕྲག་ལྷ་ཉམས་ཏེ་བརྗེད་ངེས་ཆེ་ཞིང་དྲན་པ་མི་གསལ་བ་སོགས་ཀྱི་མནོལ་གྲིབ་ཕོག་པར་བཤད། བོད་མི་རིགས་ཀྱིས་ཅ་ལག་ལ་འགོམ་ཡུག་ཕོག་པར་ཤིན་ཏུ་འཛེམ་བག་ཆེན་པོ་བྱེད་ཅིང་། འགོམ་ཡུག་ཤོར་བའི་ཅ་ལག་ལ་ཤུག་པ་བདུག་པ་སོགས་ཀྱིས་གཙང་སྦྲ་བྱས་རྗེས་བཀོལ་ཆོག་པར་བཤད།
    བཅུ་གསུམ། དཀར་ཡོལ་ཐུར་མ་སོགས་ཀྱིས་བརྡུངས་ཏེ་སྒྲ་དཀྲོལ་མི་རུང་། ཕོར་བའི་བདག་པོའི་བླ་འཁྱམས་སོང་ན་ད་གཟོད་ཁོའི་ཕོར་བ་བརྡུངས་ནས་བླ་དེ་འབོད་སྲོལ་ཡོད་པར་བཤད།
    བཅུ་བཞི། ཟས་ཟོས་རྗེས་ཕོར་བ་ཁ་སྦུབས་ཏེ་འཇོག་མི་རུང་། ཕོར་བའི་བདག་པོ་ཤི་སོང་ན་ད་གཟོད་མི་དེའི་ཕོར་བ་སྦུབས་ཏེ་འཇོག་སྲོལ་ཡོད།
    བཅོ་ལྔ། མི་སྒེར་གྱི་ཐུར་མ་དང་ཁེམ་བུ་སོགས་ཀྱིས་ཟས་བླངས་ཏེ་བཟའ་ཚང་མ་ཡིན་པའི་མི་གཞན་ལ་སྟེར་སྲོལ་མེད། གལ་ཏེ་དེ་ལྟར་བྱས་ན་དེ་ནི་བརྩི་བཀུར་མ་བྱས་པ་ཞིག་ཏུའང་བརྩི་བར་བཤད།
    བཅུ་དྲུག འབྲོག་པའི་སྦྲ་ཁྱིམ་དུ་མགྲོན་ལ་ཕྱིན་ན་སྦྲའི་ཤར་ཕྱོགས་ནས་ཕྱིན་ན་ལེགས། ཤར་གྱི་གྲོགས་ལམ་དང་བྱང་གི་དགྲ་ལམ། ནུབ་ཀྱི་གདོན་ལམ་དང་ལྷོའི་གཤིན་ལམ་ཟེར་ཞིང་། དགོང་མོ་ཉི་ནུབ་ཀྱི་དུས་སུ་ནུབ་དང་བྱང་ཕྱོགས་ནས་འོང་བའི་མགྲོན་ལམ་འཛེམ་ཞིང་ཁྱིམ་དེར་ནད་པ་འདྲ་ཡོད་ན་ལྷོ་ཕྱོགས་ནས་འོང་བའི་མགྲོན་པོར་ལྷག་པར་འཛེམས་ཤིང་རྣམ་རྟོག་བྱེད་པ་ཡིན།
    བཅུ་བདུན། ཕུག་ཆོན་སྟེང་ནས་འགོམ་ན་ཕུག་ལྷ་མནོལ་ཞིང་ཁྱིམ་དེར་བཀྲ་མི་ཤིས་པ་འབྱུང་བས་ཕུག་ཆོན་སྟེང་ནས་འགོམ་པར་མི་བྱའོ།
    བཅོ་བརྒྱད། སྒོ་ཆོན་ངོས་སུ་རྟ་འདོགས་མི་རུང་། སྒོ་ཆོན་ངོས་སུ་རྟ་བཏགས་པ་ནི་ཁྱིམ་ཚང་དེའི་ཁྱིམ་མི་ཞིག་འདས་གྲོངས་སུ་སོང་བའི་རྟགས་སུ་བརྩི་བ་རེད། དེར་མ་ཟད་རྟ་ལྷ་མནོལ་ཏེ་རྟ་གྱོང་ཡང་འོང་བར་བཤད་དོ།
    བཅུ་དགུ ཐབ་ཀའམ་སྒྱེད་པུའི་ཡས་ལྟག་ནས་འགྲོ་འོང་བྱས་ན་ཁྱིམ་ཚང་དེའི་ལྷ་སྲུང་དང་ཁྱིམ་མིར་བརྩི་བཀུར་མ་བྱས་པར་བརྩི་བས་དེ་ལྟར་མི་རུང་ངོ་།
    ཉི་ཤུ། ཐབ་ཀ་ནི་བོད་མི་རིགས་ཀྱི་ཆེས་གཙང་སྦྲ་དང་མནོལ་གྲིབ་ཕོག་པར་འཛེམ་བག་བྱེད་དགོས་པའི་དངོས་པོ་ཞིག་ཡིན། ཐབ་ཀ་ལ་ཐབ་ལྷ་དང་། ཟས་ལྷ། གཡང་ལྷ་སོགས་གནས་ཡོད་པས་གལ་ཏེ་ཐབ་ཀ་ལ་མནོལ་གྲིབ་ཤོར་ན་ཟས་ལ་བྲོ་བ་དང་བཅུད་མེད་པ། ཟས་རིགས་ཀྱིས་འདང་ཡུན་ཐུང་བ། འོ་མ་རུལ་ཞིང་ཞོ་མི་ཆགས་པ། གཟའ་འཁོན་འོང་བ་སོགས་བཀྲ་མི་ཤིས་པའི་དོན་དག་མང་པོ་ཞིག་འབྱུང་བར་བཤད་།།    
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།