中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཆམ་ནད་ཕོག་དུས་ཇི་ལྟར་ཀྲུང་ལུགས་སྨན་རྫས་འདེམ་དགོས།
དུས་ཚོད།2020-12-07 16:34:59     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    མིག་སྔར། ཆམ་ནད་ཕོག་ཚད་མཐོ་བའི་དུས་ཚིགས་ཡིན་སྟབས། ཀྲུང་ལུགས་སྨན་རྫས་ཀྱིས་ཆམ་ནད་གསོ་བཅོས་ལ་ཕན་ནུས་ཆེན་པོ་ཐོན་གྱིན་ཡོད། ཀྲུང་ལུགས་སྨན་རྫས་ལ་སྨན་ལོག་འབྱུང་བའི་གནས་ཚུལ་ཉུང་བའི་རྐྱེན་གྱིས། བེད་སྤྱོད་བྱེད་སྟངས་སྟབས་བདེ་བས་ནད་པའི་དགའ་བསུ་ཆེན་པོ་ཐོབ། ཡིན་ཡང་ཀྲུང་ལུགས་སྨན་རྫས་བཀོལ་ནས་སྨན་བཅོས་བྱེད་པར་ཡང་ཡིད་འཇོག་བྱ་དགོས། དེ་མིན་ཆམ་པ་ཕོག་མ་ཐག་ཏུ་གང་འདོད་ལྟར་ཀྲུང་ལུགས་སྨན་རྫས་བཀོལ་ཆོག་པ་ཞིག་མིན་ལ། ཀྲུང་ལུགས་སྨན་རྫས་ཀྱིས་ཆམ་ནད་ཡོད་ཚད་དྲག་ཐུབ་པ་ཞིག་ཀྱང་མིན།
    ཀྲུང་ལུགས་སྨན་རྫས་ནི་ཀྲུང་ལུགས་གསོ་རིག་གཞུང་ལུགས་ཀྱི་མཛུབ་སྟོན་འོག་བསྡེབས་ནས་ཐོན་སྐྱེད་བྱས་པ་ཡིན་པས། ཆམ་ནད་ཕོག་དུས་ནད་རྟགས་མི་འདྲ་བའི་རིགས་ལྟར་ཀྲུང་ལུགས་སྨན་རྫས་འདེམ་དགོས། དེ་མིན་གསོ་བཅོས་ཀྱི་ཕན་འབྲས་ལེགས་པོ་ཐོན་མི་ཐུབ་པ་མ་ཟད། ནད་བབ་ཇེ་སྡུག་ཏུ་གཏོང་སྲིད།
    དྲོས་འཁྱག་ཆམ་པ།
    ཆམ་པ་འདིའི་རིགས་ནི་སྤྱིར་བཏང་དུ་སྟོན་མཇུག་དང་དགུན་དུས། དེ་མིན་དཔྱིད་འགོ་སྟེ་གནམ་གཤིས་ཀྱི་དྲོད་ཚད་ཅུང་དམའ་བའི་དུས་སུ་འབྱུང་བ་ཡིན། འདིར་གཤམ་གྱི་ཁྱད་ཆོས་འདུག་སྟེ། ནད་རྟགས་སུ་གྲང་ངར་ལ་ཞེད་པ་དང་ཚ་ཅུང་ཟད་རྒྱས་པ། སྣབས་ཆུ་བཞུར་བ། ལུད་པ་དཀར་པོ་འབྱུང་བ། ལྕེ་དཀར་བ་དང་རྩ་རྐྱལ་གྲིམ་པ་སོགས་འབྱུང་། འདི་ལྟ་བུའི་ཆམ་ནད་སྨན་བཅོས་བྱེད་སྐབས་དྲོས་ཕུད་པ་གནད་དུ་འཛིན་དགོས། དེའི་ཕྱིར་དྲོས་ཕུད་བྱེད་སྐོར་གྱི་སྨན་བཀོལ་དགོས། དཔེར་ན། ཆམ་ནད་ཚ་སེལ་རིལ་བུ་དང་དུས་བཞི་ཆམ་ནད་སྨན་ལེབ། གྲང་འཁྱག་ཆམ་སེལ་རིལ་བུ། སྤྲུ་ནག་དགུ་བ་སོགས་སྤྱད་ནས་གསོ་བཅོས་བྱ་དགོས།
    ཚ་བའི་ཆམ་པ།
    ཚ་བའི་ཆམ་པ་ནི་སྤྱིར་བཏང་དུ་དཔྱིད་མཇུག་དང་དབྱར་དུས། སྟོན་འགོ་བཅས་གནམ་གཤིས་ཀྱི་དྲོད་ཚད་ཅུང་མཐོ་བའི་སྐབས་སུ་འབྱུང་བ་ཡིན། ནད་རྟགས་སུ་ཚ་རྒྱས་པ་དང་ལུས་དྲོད་མཐོ་བ། གྲང་ངར་ལ་ཞེད་སྣང་ཅུད་ཟད་ལྡན་པ། སྣ་འགག་པ། སྣབས་ཆུ་སེར་པོ་བཞུར་བ། ལུད་པ་སེར་པོ་འབྱུང་བ། ལྕེ་མཐའ་དམར་ལ་རྩ་ནི་རྐྱལ་ཞིང་མགྱོགས་པ་སོགས་ཀྱི་ནད་རྟགས་ཡོད། གསོ་བཅོས་བྱེད་སྐབས་ཚ་བ་སེལ་བ་གཙོ་བོར་འཛིན་དགོས་ཤིང་། ཚ་བ་འཇོམས་བྱེད་ཀྱི་སྨན་འདེམ་དགོས། དཔེར་ན། དབྱིན་ཆའོ་དུག་སེལ་རིལ་བུ། སེང་ཅུ་ཆམ་ནད་སྨན་ལེབ། ཚ་དུག་སེལ་བའི་སྨན་ཆུ་སོགས་འཐུང་ནས་གསོ་བཅོས་བྱ་དགོས།
    ཚ་རློན་ཆམ་པ།
    ཚ་རློན་ཆམ་པ་འདིའི་རིགས་སྤྱིར་བཏང་དུ་དབྱར་དུས་ཚ་བ་ཆེ་དུས་དང་བརླན་གཤིས་ཅུང་ཆེ་བ། དྲོད་ཚད་ཅུང་མཐོ་བའི་སྐབས་སུ་འབྱུང་བ་ཡིན། ནད་རྟགས་སུ་ཚ་རྒྱས་ནས་མགོ་ན་བ་དང་། ལུས་པོ་དང་མགོ་བོ་ལྕི་བ། བྲང་ཁར་དབུགས་འཚང་བ། ཞེན་ཁ་ལོག་ནས་སྐྱུག་པ། ཁོག་པ་བཤལ་བ། རྐང་ལག་ན་བ། སེམས་ཁམས་མི་བདེ་བ། ཡི་ག་མི་བཟང་བ། ཁ་སྐོམ་པ་དང་འབྱར་བག་ཆེ་བ། ལྕི་ལ་བད་ཀན་མཐུག་པ། རྩ་ཞན་པ་སོགས་ཀྱི་སྣང་ཚུལ་འབྱུང་ངེས། ཚ་དང་བརླན་སེལ་ནས་གསོ་བཅོས་བྱེད་ཐབས་གཙོ་བོར་འཛིན་དགོས། དཔེར་ན། ཧོ་ཞང་ཀྲིན་ཆི་སྨན་ཆུ་དང་ཕྱེ་མ། རེན་ཏན་སོགས་སྤྱད་ནས་གསོ་བཅོས་བྱ་དགོས་པ་ཡིན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།