མཆིན་ནད་ཚ་བའི་བཅོས་ཐབས། ཨ་རུ་བརྒྱད་ཐང་དང་། བྲག་ཞུན་སུམ་ཐང་སོགས་ཐོག་མར་བཏང་། མཆིན་ཚད་ཆུང་ངུའི་རིགས་ལ། ཕྱི་རྒྱུད་མཆིན་ནད་སེལ་བའི་གུར་ཀུམ་བདུན་པ་དང་། མཆིན་ཚད་འབྲིང་བོ་ལ། དེའི་སྟེང་ཙན་དན་བསྣན་པའི་ཙན་དན་བརྒྱད་པ་དང་། མཆིན་ཚད་ཆེན་པོ་ལ་དེའི་སྟེང་ག་བུར་བསྣན་པའི་ག་བུར་དགུ་བ་སོགས་བསྟེན། མཆིན་པར་གཉན་ཚན་ཡིན་ན་གི་ཁྱུང་བསྟེན་པ་དང་། གཙོ་བོ་བརྒྱད་པ་སོགས་བབ་དང་བསྟུན་ནས་བཏང་། གཞན་ཡང་མཆིན་ཚད་སེལ་བ་ལ་ཐང་བཏང་རྗེས་སུ།གི་ཝང་དགུ་བ་དང་། གི་ཏིག་དང་། གུར་ཀུམ་བདུན་པ་དང་། གུར་ཀུམ་མཆོག་བདུན་དང་། མན་ངག་བསིལ་སྦྱོར་སོགས་མཆིན་སྨན་གང་འོས་གཏོང་། ཁྲག་ཤས་ཆེ་བ་ལ་གི་ཝང་དགུ་བ་དང་གུར་ཀུམ་བདུན་པའི་སྟེང་བ་ལེ་ཀ་བརྒྱད་པ་སྦྱར་བ་བསྐོལ་གྲང་གིས་དབུལ། ཚ་བ་བཞག་ཀྱང་ཟས་ཀྱི་དང་ག་ཞན་པ་དང་། མཆིན་པའི་ན་ཟུག་མ་ཆོག་པ་ལ་ཟླ་ཤེལ་བདུད་རྩི་མ་དང་། གུར་ཀུམ་བཅུ་གསུམ་བཏང་ན་བཟང་། ཐུར་དུ་བཤལ་ན་བྲག་ཞུན་དགུ་བ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་འཚམས་བསྟེན། དཔྱད་ལ་རུ་ཐུང་དང་མཆིན་མཁྲིས་འདོམ་རྩ་གཏར། གཏར་ག་དང་ཁྱད་པར་མེད་པའི་སྨན་གྱིས་བཅོས་ན་སྐྱུ་རུ་ཉེར་ལྔ་ཡང་ཡང་བཏང་བས་གཏར་གྱི་ཚབ་རུང་བར་གསུངས་སོ།། ཁ་ཟས་མར་རྙིང་དང་ཤ་ཚིལ་རྙིང་བ་དང་སྒོག་པ་དང་ཆང་སོགས་ཚ་སྐྱུར་གྱི་རིགས་རྣམས་སྤང་། སྤྱོད་ལམ་ཡང་མེ་དང་ཉི་མ་དང་དྲག་ཤུལ་གྱི་ལས་སོགས་སྤང་བར་བྱའོ།
མཆིན་ནད་ལྡེམ་བུའི་ནད་བཅོས་པ་ལ། མན་ངག་བསིལ་སྦྱོར་དང་ཨ་རུ་བཅུ་ཐང་བཏང་ཞིང་། བྲག་ཞུན་ལྔ་བ་དང་གཡུ་རྙིང་ཅུར་ནིས་གཉིས་ནངས་ནུབ་ལྟག་སྤྲད་བྱས་ནས་ཡུན་དུ་འཐུང་དགོས། མགོ་ཡུ་འཁོར་ཞིང་སེམས་མི་བདེ་བ་དང་ཁོག་སྦོས་པ་ལ། ཞི་བྱེད་དྲུག་པ་དང་ཨ་གར་བརྒྱད་པ་སོགས་བསྟེན། བཤལ་བ་དང་སྐྱུགས་པ་བྱུང་ན་བྲག་ཞུན་དགུ་བ་དང་། ཐང་ཆེན་ཉེར་ལྔ་སོགས་བཏང་དགོས།
མཆིན་ནད་དུག་ཐབས་བཅོས་པ་ལ། གི་ཝང་དགུ་བ་དང་གུར་ཀུམ་བདུན་པ་བཏང་། གསེར་གྱི་ཕུད་བུ་བསྡུས་ཁུར་བུལ་ཏོག་བཏབ་པའི་སྐྱུགས་ཀྱིས་དྲངས། དེའི་རྗེས་སུ་གཡུ་རྙིང་བདུན་པ། སྙི་བའི་མེ་ཏོག་དང་སུམ་ཅུ་ཏིག་དང་སེང་ལྡང་དང་ཤིང་ཚ་བཅས་བསྡུས་པའི་ཐང་གིས་དབུལ།ཡང་ན་གི་ཝང་དགུ་བ་དང་། གི་ཁྱུང་། གུར་ཀུམ་བཅུ་གསུམ་དང་། མན་ངག་བསིལ་སྦྱོར་སོགས་ནད་རྟགས་ལ་ལྟས་ནས་བཏང་དགོས།
མཆིན་ནད་འོར་ལྷུངས་བཅོས་པ་ལ། ཨ་རུ་བཅུ་བ་དང་། ཨ་རུ་བཅུ་གསུམ། ཨ་རུ་བཅོ་བརྒྱད། དམར་བོ་སུམ་ཐང་སོགས་བཏང་། དཔྱད་ལ་ཚ་ཤས་ཆེ་ན་བྱིན་གཞུག་དང་ལོང་རྩ་གཏར་བ་དང་། གྲང་ཤས་ཆེ་ན་མེ་བཙའ་བྱའོ།། ཚ་བཞག་ན་ཁ་ཟས་གསར་བ་དང་བཅུད་ཅན་དྲོད་ཅན་བསྟེན་པ་དང་། སྤྱོད་ལམ་དྲག་ཤུལ་གྱི་ལས་སོགས་སྤང་དགོས།
མཆིན་ནད་གྲང་བའི་བཅོས་ཐབས་ལ།སེ་འབྲུ་བཞི་བའི་སྟེང་གུར་ཀུམ་དང་བྲག་ཞུན་དང་ད་ལིས་དང་པྲི་ཡང་ཀུ་བསྣན་པའི་བརྒྱད་པ་དང་། སེ་འབྲུ་བཅུ་བ་དང་། སེ་འབྲུ་བཅུ་གཉིས་པ་དང་། ཅུ་གང་བདེ་བྱེད་དང་། ཟླ་ཤེལ་བདུད་རྩི་མ་སོགས་རིག་པས་དཔྱད་ནས་བཏང་དགོས་སོ།། དཔྱད་པ་མཆིན་པའི་གསང་རྣམས་ལ་མེ་བཙའ་བྱ་བ་དང་། ཁ་ཟས་ཚ་བ་དང་སྐྱུར་བའི་རིགས། སྤྱོད་ལམ་རླུང་ལྡང་བའི་གནས་སུ་འདུག་པ་སོགས་སྤང་དགོས་པ་ཡིན་ནོ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|