མི་མང་བོ་ཞིག་གིས་རང་ཉིད་ལ་ཡི་མུག་པའི་ནད་བྱུང་ཡོད་པ་ཤེས་ཀྱིན་མེད་མོད། འོན་ཀྱང་ཡི་མུག་ནད་པར་ཁ་བརྡ་བྱེད་སྐབས་རྒྱུན་དུ་གཤམ་གྱི་སྐད་ཆ་འདི་དག་ངག་ནས་ཐོན་ན་ཡི་མུག་ནད་བྱུང་ཡོད་མེད་ལ་བརྟག་ཐུབ།
1.སྙིང་བོ་མི་འདུག ཡི་མུག་པའི་ནད་བྱུང་ཡོད་པའི་ནད་པའི་ལུས་སྟེང་དུ་དོ་ཕ་ཨེན་དཀོན་པའི་དབང་གིས་དབང་རྩར་ངར་ལངས་མི་ཐུབ་པས། བྱ་བ་ཅི་ཞིག་བསྒྲུབ་རུང་དོན་སྙིང་མི་འདུག་པའི་ཚོར་སྣང་འབྱུང་བ་དང་། ནད་པ་ལྗིད་མོ་རྣམས་ལ་རྒྱུན་དུ་རང་ཉིད་བཙོན་ཁང་དུ་བསྡད་ཡོད་པ་ལྟ་བུའི་སྡུག་བསྔལ་འབྱུང་སྲིད།
2.ཚང་མ་ང་ལན་པ་རེད། ཡི་མུག་པའི་ནད་པ་ནི་རང་ཉིད་ལ་ཡིད་ཆེས་གང་ཡང་མེད་པ་དང་། ནོར་འཁྲུལ་ཞིག་བྱུང་རྗེས་དེ་རང་ཉིད་ཀྱི་བཟོས་པ་མིན་ནའང་ནོར་འཁྲུལ་ཡོད་ཚད་རང་ཉིད་ཀྱི་ཕྲག་ཏུ་ལེན་ངེས་པས། མིའི་བར་གྱི་འབྲེལ་བ་དང་སློབ་སྦྱོང་གི་ནུས་པ་ཧ་ཅང་ཞན།
3.ང་ནི་ངོ་མ་ནུས་མེད་ཅིག་རེད། གནོན་ཤུགས་ཆེ་བ་དང་ནང་སྒོས་སུ་དཀའ་ཁག་ཆེ་བའི་དོན་དག་ཅིག་དང་འཕྲད་དུས། རང་ཉིད་ལ་དོན་དག་དེ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་སྐབས་སུ། རང་ཉིད་ནུས་མེད་ཡིན་པར་འཁང་ར་བྱེད་པ། དེ་ལྟར་དུས་ཡུན་རིང་ན་ཡི་མུག་པའི་ནད་འབྱུང་སྲིད།
4.སུན་ནས་ཤི་ཐལ། བྱ་བ་ཅི་ཞིག་ལའང་སྤྲོ་བ་མེད་པའི་དབང་གིས་རྒྱུན་དུ་སུན་སྣང་གིས་ཁེངས་ཡོད་པ་མ་ཟད། གཞན་པ་དང་ཁ་བརྡ་བྱེད་པའི་སྐབས་སུའང་རྒྱུན་དུ་སུན་སྣང་སྐྱེས་པའི་ཚུལ་སྟོན་པ།
5.འདི་ལྟར་གསོན་པ་ལས་ཤི་ན་དགའ། རྒྱུ་རྐྱེན་མི་གསལ་བའི་སྡུག་བསྔལ་མང་བོ་འདོར་ཐབས་མེད་པ་དང་། ཡི་མུག་པའི་སེམས་ཁམས་བྱུང་སྟེ་ཚད་ངེས་ཅན་ཞིག་ལ་ཐོན་རྗེས་ནད་པ་མང་བོ་ཞིག་གིས་རང་སྲོག་གཅོད་པ་རེད།
“ཡི་མུག་པའི་ནད་ནི་སྐྲག་དགོས་པའི་ནད་ཅིག་མིན་མོད། འོན་ཀྱང་ཀུན་གྱིས་མཐོང་ཆེན་བྱ་འོས་པའི་ནད་ཅིག་རེད། སྔ་མོ་ནས་ཤེས་ཏེ་ཚད་ལྡན་གྱིས་གསོ་བཅོས་བྱས་ན། 80%ཡི་ནད་པ་དྲག་སྐྱེད་འབྱུང་ཐུབ”ཞེས་ཆེད་མཁས་སྨན་པས་བཤད།
ཡི་མུག་པའི་སེམས་ཁམས་དང་འབྲལ་བའི་ཐབས་ལམ།
ལུས་སྦྱོང་བྱེད་པ། ལུས་སྦྱོང་བྱས་ན་ལུས་སྟེང་གི་དོ་ཕ་ཨེན་ཇེ་མང་དུ་འགྲོ་བས། སེམས་ཁམས་ཇེ་སྐྱིད་དུ་འགྲོ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱུན་དུ་ལུས་སྦྱོང་བྱས་ན། སྙིང་རུས་དང་སེམས་ཁམས་སོགས་གང་གི་ཐད་ནས་ཀྱང་བརྩོན་འགྲུས་ལྡན་པ་དང་བློ་རྒྱ་ཆེན་པོ་ཡོང་སྲིད།
དཔེ་ཀློག་བྱེད་པ། དཔེ་ཀློག་གི་གོམས་གཤིས་ཆགས་སུ་བཅུག་སྟེ། དཔེ་ཆར་བརྟེན་ནས་སེམས་ཁམས་གསོ་དགོས།
ཡུལ་སྐོར་དུ་འགྲོ་བ། ཡུལ་སྐོར་དུ་སོང་ན་མཐོང་རྒྱ་ཇེ་ཆེར་འགྲོ་བ་མ་ཟད། སེམས་ཁམས་ཀྱང་ཇེ་ཡང་དུ་འགྲོ་བ་རེད།
ཡ་རབས་ཅན་ལ་འགྲོགས་པ། ཡ་རབས་ཅན་གྱི་མི་ལ་སློབ་སྦྱོང་བྱ་དགོས། དེ་ཚོར་མི་གཤིས་དང་འཚོ་བའི་རྣམ་འགྱུར་ལེགས་པོ་ལྡན་པས། ཟུར་ལྟ་བྱེད་ས་ལེགས་པོ་ཞིག་ཡིན།
དྲིན་ཚོར་བ། རང་ཉིད་ཀྱི་དྲིན་ཤེས་དགོས་ལ། ཉེ་འགྲམ་གྱི་ཁྱིམ་མི་དང་གྲོགས་པོའི་བཀའ་དྲིན་ཚོར་བར་བྱས་ཏེ། དྲིན་ཤེས་པའི་སེམས་ཁམས་ཀྱིས་འཚོ་བ་རོལ་ན་སྔར་ལས་མི་མང་བོའི་རོགས་སྐྱོར་དང་ཁས་ལེན་ཐོབ་སླ་བ།
ཆེད་མཁས་པའི་དྲན་སྐུལ། གལ་ཏེ་སེམས་ཁམས་མི་སྐྱིད་པ་བྱུང་ནས་གཟའ་འཁོར་གཉིས་ཡན་འགོར་བ་དང་། རང་ཉིད་ཀྱིས་ལེགས་སྒྱུར་བྱེད་ཐབས་མེད་ན་མྱུར་དུ་ཚད་ལྡན་གྱི་སེམས་ཁམས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་ནད་བཅོས་བྱ་དགོས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕྱིར་བསྒྲགས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་མི་དུང་ཕྱུར 3.5ལ་ཡི་མུག་པའི་ནད་བྱུང་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་གི་ནད་པའི་འཕེལ་ཚད 18%རེད། དཔག་རྩིས་བྱས་པ་ལྟར་ན། ཀྲུང་གོའི་ཡི་མུག་པའི་ནད་བྱུང་བའི་ནད་པའི་གྲངས་ཀ་ཕལ་ཆེར་ཁྲི 9500ལས་བརྒལ་འདུག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|