中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་བདེ་སྲུང་ལ་དོ་སྣང་བྱ་དགོས།
དུས་ཚོད།2020-12-29 11:52:19     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    བུད་མེད་རྣམས་ལོ 45ནས 50བར་ནི་དར་ཡོལ་དུས(更年期)ཡིན། དར་ཡོལ་དུས་ནི་བུད་མེད་ཀྱི་ལུས་ཁམས་དར་བ་ནས་རྒུད་པར་གྱུར་པའི་འགྱུར་ལྡོག་གི་དུས་སྐབས་ཤིག་ཡིན་ལ། ཕྲུ་གུ་སྐྱེ་ནུས་འཕེལ་བའི་དུས་ནས་ཉམས་པའམ་མེད་པར་འགྱུར་བའི་བར་བརྒལ་གྱི་དུས་ཤིག་ཀྱང་ཡིན། སྐབས་འདིར་མགོ་ཡུ་འཁོར་བ་དང་མིག་འཆོལ་བ། མགོ་ན་བ་དང་རྣ་ནང་དུ་སྒྲ་གྲགས་པ། སྙིང་འཚང་ཞིང་གཉིད་མི་ཡོང་བ། སེམས་འཚབ་ཅིང་ཁྲོ་སླ་བ། སེམས་མི་སྐྱིད་པ། ཟླ་མཚན་ཉོག་པ། ལུས་ཚ་རྒྱས་ཤིང་རྔུལ་སླ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དེ་ལ་དར་ཡོལ་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་ཟེར། སྐབས་དེར་སྙོམ་སྒྲིག་ལེགས་པོ་བྱས་ན། ནད་རྟགས་དེ་དག་གི་ཚབས་ཇེ་ཆུང་དང་ཡུན་ཇེ་ཐུང་དུ་གཏོང་ཐུབ། གཤམ་གྱི་དར་ཡོལ་དུས་ཀྱི་བུད་མེད་ཀྱི་གནད་དོན་འདི་དག་ལ་མཉམ་འཇོག་བྱ་དགོས་པ་སྟེ།
    གཅིག རང་གི་སེམས་ཁམས་བརྟན་འཇགས་ཡོང་བར་བྱ་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་རང་གི་ལུས་ཁམས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་ཡང་དག་བྱས་ཏེ། དགོས་མེད་ཀྱི་བསམ་བློའི་ཁུར་བོ་དང་སེམས་འཚབ་དངངས་སྐྲག  དགོས་མེད་ཀྱི་སེམས་ངལ་དང་ཁུངས་མེད་ཀྱི་དོགས་པ་དག་དོར་ནས། སེམས་ཁམས་མི་ལེགས་པ་མེད་པར་བཟོ་དགོས། དོན་དག་མི་ལེགས་པ་དང་འཕྲད་ཚེ་ཁོང་ཁྲོ་མི་ལངས་པ་དང་སེམས་པ་མི་སྐྱིད་ཚེ་གཉེན་ཉེ་སྤུན་ཟླ་ལ་བཤད་དགོས། རང་གི་གཤིས་ཀ་དང་དགའ་ཕྱོགས་ལྟར་འོས་འཚམ་གྱིས་སྤྲོ་སྐྱིད་གཏོང་བ་དང་། ནམ་ཡང་སྤྲོ་སེམས་ཆེ་བ་དང་སེམས་དཀྱེལ་ཡངས་པར་བྱས་ཏེ། རང་གིས་རང་ལ་ཡིད་ཆེས་སྦྱིན་དགོས།
    གཉིས། བཟའ་བཏུང་སྙོམ་སྒྲིག་བྱ་དགོས། དར་ཡོལ་དུས་སུ་བུད་མེད་ཀྱི་བཟའ་བཏུང་གི་འཚོ་བཅུད་སྙོམ་སྒྲིག་བྱས་ཏེ་མཁལ་མཚེར་སྲུང་སྐྱོབ་བྱ་དགོས། སྙོམ་སྒྲིག་འོས་འཚམ་བྱུང་ཚེ་ལུས་ཁམས་ཀྱི་བྱེད་ནུས་ཉོག་པ་རྩ་བ་ནས་འགོག་པ་དང་གསོ་བཅོས་བྱེད་ཐུབ། བུད་མེད་རྣམས་དར་མ་ལས་ཡོལ་བའི་སྐབས་སུ་མཁལ་ནུས་ཉམས་ཡོད་པས། ཟླ་མཚན་ཐེངས་གྲངས་མང་ལ་ཁྲག་མང་བོ་འབབ་པ་མ་ཟད། འབབ་ཡུན་རིང་བས་རྒྱུན་དུ་ཁྲག་ཤེད་དམའ་བའི་སྣང་ཚུལ་འབྱུང་སྲིད། དེ་ལ་སྒོ་ང་དང་སྲོག་ཆགས་ཀྱི་ནང་ཁྲོལ། ཤ་སྣག འོ་མ་སོགས་ཀྱི་སྤྲི་དཀར་རྫས་མཐོ་བའི་ཟས་རིགས་སམ་ཚལ་སྣག་དང་སྣུམ་ཚལ། ལྡུམ་སྒོང་། ཁམ་བུ། ཚ་ལུ་མ་སོགས་ལོ་མ་ལྗང་ཁུ་ཅན་གྱི་སྔོ་ཚོད་དང་སིལ་ཏོག་ཟོས་ནས་ཁྲག་ཤེད་ཞན་པ་གསོ་བཅོས་བྱ་དགོས།
    གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱ་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་མཉམ་འཇོག་དགོས་པ་དང་། ངལ་གསོ་བ་དང་གཉིད་ཡུན་ལ་ཁག་ཐེག་བྱ་དགོས། གཉིད་ཡུན་རིང་དྲགས་ན་སྒྱིད་ལུག་ལུས་རྙིད་ཀྱི་དབང་དུ་སོང་ནས་བདེ་ཐང་ལ་གནོད་སྲིད། གལ་ཏེ་ལུས་ཕུང་བདེ་ཐང་ཡིན་ན་རྒྱུན་ལྡན་གྱི་བྱ་བ་རྩག་རྩིག་བསྒྲུབ་པ་དང་། ཡང་ན་འགུལ་སྐྱོད་ཚབས་མི་ཆེ་བའི་ལུས་རྩལ་བྱ་འགུལ་ལ་ཞུགས་པ་དང་རང་གིས་བསྒྲུབ་ནུས་པའི་ལས་ཀ་རྩག་རྩིག་བསྒྲུབས་ཏེ་འཚོ་བ་སྙོམ་སྒྲིག་བྱ་དགོས།
    བཞི། དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱ་དགོས། དར་ཡོལ་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་བྱུང་བའི་བུད་མེད་ཀྱིས་སེམས་ཁམས་དང་བཟའ་བཏུང་། སྤྱོད་ལམ། ངལ་རྩོལ་དང་ངལ་གསོ་སོགས་ལ་མཉམ་འཇོག་བྱ་དགོས་པ་མ་ཟད། ནད་ལ་གཞིགས་ནས་སྨན་བཅོས་བྱ་དགོས། དར་ཡོལ་དུས་སུ་བུད་མེད་ཀྱི་ཟླ་མཚན་རྒྱུན་ལྡན་མིན་པ་མ་ཟད། སྐབས་དེ་ནི་བུད་མེད་ལ་མཚན་མའི་སྐྲངས་འབྲས་འབྱུང་བའི་དུས་ཀྱང་ཡིན་པས། གལ་ཏེ་བསྟུད་མར་ཉིན 10ཡན་ལ་ཟླ་མཚན་བབས་ཏེ་མི་ཆད་པ་དང་། ཟླ་མཚན་མང་བོར་བབས་ཏེ་ཁྲག་ཤེད་དམའ་བའི་ཚད་དུ་ལྷུང་ཚེ། མྱུར་དུ་སྨན་པར་བརྟེན་ནས་ནད་བཅོས་བྱ་དགོས། གལ་ཏེ་ཟླ་མཚན་ཆད་རྗེས་མོ་མཚན་ལས་ཁྲག་འཛག་པ་དང་ཁམས་དཀར་ཇེ་མང་ལ་སོང་ན། དུས་ལྟར་བརྟག་དཔྱད་དང་སྨན་བཅོས་བྱ་དགོས། དར་ཡོལ་དུས་སུ་བུད་མེད་རྣམས་ཀྱིས་རབ་ཡིན་ན་ལོ་ཕྱེད་དམ་ལོ་རེར་ལུས་པོར་བརྟག་དཔྱད་ཐེངས་གཅིག་བྱས་ནས། སྐྲན་ནད་སྔོན་འགོག་དང་ནད་རིགས་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་སྨན་བཅོས་བྱས་ན་ལེགས་སོ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།