གཟའ་ནད་ལ་བརྒྱལ་གཟེར་གྱི་ནད་ཀྱང་ཟེར། ནད་དེ་ནི་སྐབས་རེ་སྐབས་རེ་ལ་ལངས་པའི་ཀླད་ཆེན་གྱི་ནུས་པ་ཐོལ་བྱུང་དུ་ཤོར་བའི་ནད་རིགས་ཤིག་རེད། ནད་དེ་ལངས་པའི་སྐབས་ནད་པའི་འདུ་ཤེས་རེ་ཞིག་ཤོར་བ་དང་གློ་བུར་དུ་རྩ་ཁུམ་པ། ཚོར་སྣང་ལོག་ཤར་བྱུང་བའམ་བྱ་སྤྱོད་མ་བདེ་བའི་གནས་ཚུལ་བཅས་ཡོད། ནད་པ་མི་ཉུང་བ་ཞིག་ནི་གློ་བུར་དུ་སྐད་ངན་ཞིག་བརྒྱབ་ནས་འཕྲལ་དུ་ས་ལ་འགྱེལ་འགྲོ་བ་དང་ཆབས་ཅིག་ཁ་ནས་ལྦུ་བ་དཀར་པོ་འཕྱུར་བ་དང་། མཆུ་ཏོ་སྨུག་ནག་ཏུ་གྱུར་བ། མགོ་དང་ཁ་མིག་གཡོ་འགྲོ་བ་བཅས་ཀྱི་ནད་རྟགས་སྟོན་རྒྱུ་ཡོད་པ་དང་དེ་འདྲ་བྱས་ནས་དུས་སྐབས་ཤིག་ཕྱིན་རྗེས། རིམ་བཞིན་བསྐྱར་དུ་གསོས་ཡོང་བ་རེད། ནད་དེར་ནད་ལོག་ཡང་ནས་ཡང་དུ་རྒྱག་རྒྱུ་ཡོད། ནད་དེ་རིགས་ནི་མི་གཞན་དག་ལ་འགོས་རྒྱུ་མེད་པས། སེམས་ཁྲལ་གཏན་ནས་བྱ་མི་དགོས།
གཟའ་ནད་ལ་སྐྱེས་ཐོབ་ཀྱི་རང་བཞིན་དང་རྗེས་ཐོབ་ཀྱི་རང་གཞིན་གཉིས་སུ་ཕྱེ་རྒྱུ་ཡོད་པ་དང་། སྐྱེས་ཐོབ་ཀྱི་གཟའ་ནད་དེའི་རྒྱུ་རྐྱེན་ཅི་ཡིན་པ་དེ། དུས་ད་ལྟའང་གསལ་བོ་ཤེས་མེད་པ་རེད། རྗེས་ཐོབ་ཀྱི་གཟའ་ནད་ཀྱི་འབྱུང་རྐྱེན་ནི་ཤིན་ཏུ་མང་བོ་ཡོད།
དཔེར་ན། རྒྱུན་མཐོང་དུ་མགོ་ལ་རྨས་སྐྱོན་ཡོད་པ་དང་ཕྲུ་གུ་བཙའ་སྐབས་རྨས་སྐྱོན་ཐེབས་པ། ཀླད་ཆེན་གྱི་སྐྱེས་འཕེལ་རྒྱུན་ལྡན་མིན་པ། ཀླད་ཆེན་གྱི་ཚ་ནད་དང་ཀླད་སྐྱིའི་ཚ་ནད། ཀླད་སྐྱིའི་ཤ་སྐྲན། ཀླད་པའི་གཞན་རྟེན་འཚོ་འབུའི་ནད། ཀླད་པའི་ཁྲག་རྩའི་ནད། ཆང་བཅུད་ཀྱི་དུག་ཕོག་པ་སོགས་ཡོད་པ་རེད། གཟའ་ནད་ཡོད་མཁན་རྣམས་ལམ་སང་སྨན་ཁང་ནང་བསྐྱལ་ནས་གང་ཐུབ་ཅི་ཐུབ་ཀྱིས་ནད་ཀྱི་འབྱུང་རྐྱེན་འཚོལ་དགོས།
སྤྱིར་བཏང་བཤད་ན། བྱིས་པ་ལོ་གཉིས་མ་ལོན་གོང་ནད་དེ་ཕོག་པ་ཡིན་ན། ཕྲུ་གུ་དེ་མའི་མངལ་ལས་སྐྱེ་ཡོང་སྐབས་མགོ་ལ་རྨས་སྐྱོན་ཐེབས་སོང་ངམ། ཡང་ན་སྐྱེས་ཐོབ་རང་བཞིན་གྱི་མགོ་ནད་ཡོད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། དར་མ་ཆགས་རྗེས་གཞི་ནས་ནད་དེ་ཕོག་པ་ཡིན་ན། ཕལ་ཆེ་བ་ཀླད་པའི་ཤ་སྐྲན་དང་ཀླད་རྩའི་ནད་ཡམས་ཡོད་པའི་རྐྱེན་གྱིས་རེད། མི་ལ་ལས་ཚྭ་ཁུ་ལ་སྙལ་བའི་ཕག་ཤ་དང་ཟོག་ཤ་རྗེན་པ་དང་ཕག་ཤ་དང་ཟོག་ཤ་ཚོས་མ་ཚོས་ཟ་རྒྱུར་དགའ་བོ་ཡོད་ཅིང་། དེ་ལས་ཀླད་ཁོག་གི་ནད་འབུ་སྐྱེ་སླ་མོ་ཡོད་སྟབས། དེའང་གཟའ་ནད་སློང་བའི་འབྱུང་རྐྱེན་ཞིག་རེད། ཞིབ་འཇུག་བྱས་པ་ལ་བལྟས་ན་གཟའ་ནད་ཡོད་པའི་ཁྱིམ་མི་དང་ཉེ་འབྲེལ་གྱི་ནང་ལ་གཟའ་ནད་ཕོག་ཚད་དེ་སྤྱིར་བཏང་གི་མི་ལས་ལྡབ་གཉིས་ནས་བདུན་བར་མཐོ་བས། དེའི་ཐོག་ནས་དེ་ལ་རྒྱུ་འཛིན་གྱི་འབྱུང་རྐྱེན་དང་འབྲེལ་བ་ཡོད་སྲིད་པ་མངོན།
གཟའ་ནད་ནི་ཅུང་གོ་རྙོག་ཡིན་པའི་ནད་རིགས་ཤིག་ཡིན། འོང་ཀྱང་གལ་སྲིད་དུས་ཐོག་ཏུ་གོ་རིམ་ཡོད་པ་དང་ཧུར་ཐག་གི་སྒོ་ནས་སྨན་བཅོས་བྱས་པ་ཡིན་ན་ན་ཚུལ་འཇམ་དུ་འགྲོ་བའམ་སངས་དྲག་ཡོང་སྲིད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|