གཅིག ཆམ་པ་དང་ཆམ་རིམས་གཉིས་ཀྱི་ནད་གཞི་མི་འདྲ།
ཆམ་པ་ལ་ཁ་སྐད་དུ“དྲོས་འཁྱགས”ཞེས་ཀྱང་ཟེར་ཞིང་། དེའི་ནད་གཞི་སྣ་ཚོགས་ཤིག་ཡིན་ལ། དཔེར་ན་སྣ་ཁུང་དུ་ནད་དུག་འགོས་པའམ་ཡང་ན་རྨེན་བུའི་ནད་དུག་བྱུང་བ། ནད་འབུ་ཕྲ་མོ་འགོས་པ་སོགས་ལས་འབྱུང་། ལུས་པོ་འཁྱགས་པར་གྱུར་པའམ་ཡང་ན་གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བ་དང་བསྟུན་ནས་དབུགས་ལམ་ལ་ནད་དུག་དྲག་པོ་འགོས་ནས་བྱུང་བ་ནི་རྒྱུན་མཐོང་གི་ནད་རྟགས་ཡིན། ཆམ་རིམས་ནི་ཆམ་རིམས་ནད་དུག་ཀ་པ་དང་ཁ་པ། ག་པ་བཅས་གསུམ་ལས་བསྐྱེད་པའི་དབུགས་ལམ་གྱི་འགོས་ནད་དྲག་པོ་ཞིག་ཡིན་ལ། དེ་ལ་འགོ་མཆེད་རང་བཞིན་ཆེ་བ་དང་མགྱོགས་པའི་ཁྱད་ཆོས་ཡོད།
གཉིས། ཆམ་པ་དང་ཆམ་རིམས་གཉིས་ཀྱི་ནད་རྟགས་མི་འདྲ།
ཆམ་པའི་ནད་རྟགས་ཀྱི་བག་ཉལ་དུས་ཡུན་ནི་ཉིན་གཅིག་ཙམ་ཡིན་ལ། ནད་བྱུང་དུས། སྔོན་ལ་སྣ་ཆུ་དྭངས་མོ་བཞུར་བ་དང་། དེ་ནས་ཉིན་གཉིས་ནས་གསུམ་ཙམ་འགོར་རྗེས། སྣ་ཆུའི་མདོག་འགྱུར་པ་དང་བསྟུན་ནས་མིད་པ་ན་བ། ཚ་མི་རྒྱས་པའམ་ཡང་ན་རྒྱས་པ། ཚ་རྒྱས་རུང་ལུས་ཀྱི་དྲོད་ཚད་ཏུའུ 39ལས་མི་བརྒལ་བ། མགོ་ན་བ་སོགས་འབྱུང་ལ། ནད་རྟགས་གཙོ་བོ་ནི་ཧབ་སྦྲིད་རྒྱག་པ་དང་སྣ་ཁུང་ནས་དབུགས་གཏོང་ལེན་དཀའ་བ། སྣ་ཆུ་བཞུར་བ། མིད་པ་སྐམ་པ་བཅས་ཡོད། ཆམ་རིམས་ཀྱི་ནད་རྟགས་ཀྱི་བག་ཉལ་དུས་ཡུན་ནི་ཉིན་གཅིག་ནས་གསུམ་ཙམ་ཡིན་ལ། ནད་བྱུང་བ་ནས་བཟུང་། གྲང་བ་དང་ཚ་བ་རྒྱས་པ། ལུས་དྲོད་ཏུའུ 39ནས 40ཙམ་ལ་འཕར་བ། མགོ་ན་བ་དང་མིད་པ་སྐམ་པའི་ཞོར་ལ་ན་བ། ལུས་ཡོངས་ཀྱི་ཤ་གནད་ཀུན་ན་བར་མ་ཟད། རྐང་ལག་བཞི་ལ་ཤེད་མེད་པར་འགྱུར་བ་ཡིན།
གསུམ། ཆམ་པ་དང་ཆམ་རིམས་གཉིས་ཀྱི་ནད་བཅོས་བྱ་ཐབས་མི་འདྲ།
ཆམ་པ་བྱུང་བའི་མི་དེའི་ལུས་ཀྱི་རིམས་འགོག་ནུས་པ་ཆེ་ན། འབྲེལ་ཡོད་སྨན་སོགས་མ་སྤྱད་ཀྱང་། རིམ་པར་དྲག་སྐྱེད་འབྱུང་ཐུབ་ལ། གཙོ་བོར་ལུས་ཀྱི་རིམས་འགོག་མ་ལག་སླར་གསོ་བྱེད་པ་དང་ངལ་གསོ་བྱེད་པ། ཆུ་ཁོལ་མང་དུ་འཐུང་བ། བཟའ་བཅའ་སྣུམ་ཅན་གྱི་རིགས་ཉུང་བར་སྤྱོད་པ་བཅས་བྱས་ན་ཆོག་པ་ཡིན། ཆམ་རིམས་ཕོག་པ་ལ་ཐོག་མར་ལོགས་བཀར་བྱས་ཏེ་ནད་དུག་འགོ་མཆེད་མི་འབྱུང་བར་བྱ་དགོས། དེ་ནས་སྨན་པའི་མཛུབ་སྟོན་འོག སྔ་དུས་ལ་ཆམ་རིམས་འགོག་པའི་སྨན་རྫས་ཀྱིས་གསོ་བཅོས་བྱ་དགོས། མཇུག་མཐར། ངལ་གསོའི་དུས་ཚོད་ལ་ཁག་ཐེག་བྱེད་པའི་ཞོར་དུ། ཆུ་ཁོལ་མང་དུ་འཐུང་བ་དང་། བཟའ་བཏུང་གི་ཕྱོགས་ནས་ཟས་འཇུ་སླ་བའི་རིགས་སྤྱོད་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|