རྒྱལ་ཡོངས་ཀྱི་གསུམ་བརྒྱད་སྔོན་ཐོན་མི་སྣའམ་བསང་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་ལྷ་མོ་སྐྱིད་ཀྱི་གནས་ཚུལ་རགས་བཀོད། གསར་འགོད་པ་དཔལ་ལྡན་དང་གསེར་ཁྲི་འཚོ།



སྔོན་བྱོན་མེས་པོ་དག་གི་བློ་གྲོས་ལས་འཁྲུངས་པའི་རིག་གནས་ཆེ་ཆུང་ཀུན་ས་མཐོའི་ཡུལ་གྲུ་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ལ། གྲིབ་བསིལ་སྣུམ་པོ་ཀུན་གྱི་གསོས་སུ་གྱུར་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། སྒོས་སུ་བོད་ཀྱི་གསོ་བ་རིག་པ་འདི་ཉིད་བརླན་དང་འཕྲད་པའི་ས་བོན་ཇི་བཞིན་མཐོ་སྒང་གི་ཡུལ་གྲུ་འདི་ནས་འཛམ་གླིང་འཛིན་མའི་ཁྱོན་དུ་ཆེས་ཆེར་དར་ཁྱབ་བྱུང་ཞིང་། ཕན་བདེའི་བསིལ་ཟེར་འཛམ་གླིང་སྐྱེ་འགྲོ་ཀུན་ལ་རིས་མེད་དུ་སྩོལ་བཞིན་པའི་མོད་ལ། རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་ཡོང་བར་ཀུན་གྱིས་འབད་པ་ཤ་ཐང་ཐང་དུ་བྱེད་བཞིན་པ་ནི་དགའ་བའི་གནས་སོ། དེ་བས་ཀྱང་གསོ་བ་རིག་པའི་ལས་ལ་འབད་པས་འཇུག་བཞིན་པའི་སྐྱེས་མ་མང་པོ་ཞིག་ནི་དྲི་བསུང་བསྣམས་པའི་མེ་ཏོག་ནང་བཞིན་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཁྲ་ཆིལ་ལེར་བཞད་ཅིང་། བོད་ཀྱི་གསོ་བ་རིག་པའི་སྐྱེད་ཚལ་ཡངས་པོར་བཀྲག་མདངས་གསར་བ་བསྒོས་ཤིང་། ཕལ་བའི་ལས་གནས་སུ་རླབས་ཆེན་གྱི་ལས་དོན་ལ་ཉིན་མཚན་དབྱེར་མེད་དུ་གཞོལ་ཞིང་གཟེངས་སུ་ཐོན་པའི་གྲུབ་འབྲས་བསྐྲུན་དང་སྐྲུན་བཞིན་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་ན་ནི་བསྟོད་པའི་མེ་ཏོག་ཅིས་ཀྱང་གཏོར་འོས། ཡིན་ཕྱིར་ངས་འདིར་སྒྲོ་འདོགས་དང་འུད་བརྗོད་ཀྱིས་མ་སྤྲོས་པར་བདེན་པ་བདེན་ཐུབ་ཀྱིས་གླེང་བར་འདོད་པ་ནི། རྒྱལ་ཡོངས་ཀྱི་གསུམ་བརྒྱད་སྔོན་ཐོན་མི་སྣའམ་ཀན་སུའུ་ཞིང་ཆེན་གྱི་གཞི་རིམ་གྱི་བོད་ཀྱི་སྨན་པ་གྲགས་ཅན་ཏེ་བསང་ཆུ་རྫོང་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་ལྷ་མོ་སྐྱིད་ཡིན། ཁོ་མོ་ནི༡༩༦༦ལོར་བསང་ཆུ་རྫོང་དུ་སྐྱེས་ཤིང་། ལོ་དྲུག་གི་སྟེང་ནས་བཟུང་སྟེ་སློབ་ཆུང་དང་སློབ་འབྲིང་རིམ་པར་འགྲིམས་ཤིང་། ༡༩༨༤ལོར་ཀན་ལྷོ་འཕྲོད་བསྟེན་སློབ་གྲྭར་རྒྱུགས་འཕྲོད་པ་དང་། སློབ་གྲྭ་དེ་རུ་ཚད་ལྡན་བཤེས་གཉེན་མང་པོའི་མདུན་སྔར་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་བྱེད་འགོ་བརྩམས་པ་དང་། གསོ་རིག་རྒྱུད་བཞིབློར་འཛིན་པའི་དབུ་ཡང་སྐབས་དེ་ནས་བཟུང་ཚུགས། ཁོ་མོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བོད་ཀྱི་གསོ་བ་རིག་པར་གུས་རྟག་བརྩོན་པ་མ་བོར་བར་འབད་པ་བྱེད་པའི་ཞོར་དུ་རྒྱུད་བཞི་བློར་འཛིན་པ་ནི་ཁོ་མོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར། མི་ལོ་དྲུག་ཙམ་ལ་འབད་འབུངས་བྱས་མཐར་རྒྱུད་བཞི་བློར་བྱང་ཞིང་། བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་རྒྱུད་བཞི་བློ་ལ་བྱང་བའི་བུད་མེད་སྨན་པ་ཆེས་ཐོག་མར་གྱུར་པས། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་བོད་ཀྱི་གསོ་རིག་རྒྱུད་བཞི་བློར་འཛིན་གྱི་ཕུལ་བྱུང་གྲུབ་འབྲས་ཐོབ་མཁན་གྱི་གཟི་བརྗིད་མཚན་སྙན་གནང་།
བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཉམ་ཐག་ནད་པའི་ན་བའི་སྡུག་བསྔལ་སེལ་རྒྱུ་ནི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་པའི་ངེས་ཤེས་སྙིང་ལ་བཅངས་ནས། དུས་རྒྱུན་གྱི་ནད་བརྟག་སྨན་བཅོས་བྱ་བའི་ཁྲོད་རང་གིས་རང་ལ་རེ་བ་ནན་མོ་བཏོན་པ་དང་། ཁོ་མོས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་དེར་བརྟེན་ནས་ཉིན་རེར་ནད་པ་སུམ་ཅུ་ལྷག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ནད་པ་ལྕི་མོར་འཕྲད་ཐེངས་རེར་ཉིན་མཚན་དབྱེར་མེད་དུ་བདག་སྐྱོང་བཟང་བོ་བྱེད་ཅིང་། རིག་ཚན་ལ་དབྱེ་བ་མེད་པར་ག་དུས་ཡིན་ཡང་ནད་པའི་དབུས་ན་ཁོམ་ལོང་མེད་པར་བྱ་བར་བྲེལ་གྱིན་ཡོད་པས་ཁོ་མོ་ནི་ནད་པ་མང་པོའི་སེམས་ཁོང་གི་སྨན་པ་བཟང་བོ་དེ་ཡིན་ལ། རྫོང་བོད་སྨན་ཁང་གི་སྨན་པ་མང་པོའི་མིག་དཔེ་དང་གསོ་རིག་ཞིབ་འཇུག་བྱ་བའི་ཁྲོད་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པའང་ཡིན། ༡༩༩༧ལོ་ནས་བཟུང་། ཞག་སྡོད་ཚན་ཁག་གི་འགན་ཕྲག་ཏུ་བླངས་པ་ནས་བཟུང་། ཁོ་མོའི་སྣེ་ཁྲིད་འོག་བསང་ཆུ་རྫོང་བོད་སྨན་ཁང་གི་ཁོང་ནད་ཚན་ཁག་དང་སྨན་ལུམས་ཚན་ཁག་དེར་བོད་ལུགས་གསོ་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་། གསོ་བཅོས་ཀྱི་ནུས་པ་གཟེངས་སུ་ཐོན་པའི་གནད་སའི་ཚན་ཁག་ཅིག་ཏུ་གྱུར་ཡོད་པ་མ་ཟད། བོད་ཀྱི་གསོ་རིག་གི་སྲོལ་རྒྱུན་བཅོས་ཐབས་ཆ་ཚང་ཞིང་། ཁྱད་ཆོས་སྲུང་འཛིན་དང་དར་སྤེལ་བྱས་པས་ནད་པ་མང་པོ་ཞིག་གི་རེ་འདུན་བསྐངས་པའི་མོད་ལ། ཚན་ཁག་དེའི་བྱ་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཀྱང་བཟང་བོ་བསྐྲུན།
དེ་དང་ཆབས་ཅིག ལྷ་མོ་སྐྱིད་ཀྱིས་བོད་ལུགས་གསོ་རིག་དང་ཕྱི་གླིང་གི་གསོ་རིག་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཐད་ཞིབ་འཇུག་གནད་དུ་ཐིང་བ་བགྱིས་ཤིང་། ནད་ཐོག་ལག་ལེན་ཞིབ་འཇུག་བྱ་བར་སྔར་བས་མཐོང་ཆེན་བྱས་པས་གྲུབ་འབྲས་མི་དམན་ཞིག་བླངས་ཡོད། ཁོ་མོས་ཞིབ་འཇུག་གསར་བཟོ་བྱས་པའི“སྐྲ་སྐྱེས་བདུད་རྩི”དེ་ཉེ་བའི་ལོ་འགའི་རིང་གི་ནད་ཐོག་བེད་སྤྱོད་ཁྲོད་སྐྲ་བྱི་བ་གསོ་བཅོས་ཐད་ཕན་ནུས་མངོན་གསལ་ཐོན་པས་ནད་པའི་གདེངས་འཇོག་བཟང་བོ་ཐོབ་པ་དང་། ནད་ཐོག་ལག་ལེན་ཁྲོད་དགོས་མཁོ་སྐོང་མི་ཐུབ་པའི་ཚད་དུ་བསླེབས་ཡོད་ལ། “མངལ་སྲིན་འཇོམས་པའི་རིལ་བུ”ཞེས་པ་དེ་ཉེ་བའི་ལོ་གཅིག་རིང་གི་ནད་ཐོག་བེད་སྤྱོད་ཁྲོད་མངལ་སྐེ་རུལ་མྱག་དང་མངལ་ལམ་གཉན་ཚད་གསོ་བཅོས་བྱེད་པར་ཕན་ནུས་མངོན་གསལ་ཐོན་ཡོད། གཞན་ཡང་ཁོ་མོ་ནི་ཞིང་ཆེན་ཡོངས་ཀྱི་རིམ་ལྔའི་བླ་བརྒྱུད་སློབ་གསོའི་མཛུབ་སྟོན་དགེ་རྒན་ཞིག་ཡིན་པའི་ཆ་ནས། ལོ་ངོ་མང་པོར་ལས་ཐོག་དང་པོར་འབད་པ་ལྷུར་ལེན་གྱིས་སྨན་པ་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་མུས་སུ་ཡོད་ཅིང་། རང་རྒྱུད་ཀྱི་ཤེས་བྱ་དང་ཉམས་མྱོང་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་སློབ་མར་ཁྲིད་པ་མ་ཟད། དུས་རྒྱུན་གྱི་བྱ་བའི་ཁྲོད་སྨན་པའི་ཀུན་སྤྱོད་ལ་དེ་བས་དོ་སྣང་བྱེད་པ་དང་། ནད་པ་སུ་ཞིག་ཡིན་ཡང་རིས་སུ་མ་ཆད་པར་ཡོད་ཚད་བུ་བཞིན་སྐྱོང་དགོས་པའི་སློབ་གསོ་མང་དུ་བཏང་། ཁོ་མོས་གསོ་སྐྱོང་བྱས་པའི་སློབ་མ་དེ་དག་ད་ལྟ་རང་འཁྲིའི་ལས་གནས་སུ་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་ལ། རང་ཉིད་ཀྱིས་ཀྱང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དགེ་དཔེ་གཞན་སྟོན་གྱི་ཚུལ་དུ་ཉམ་ཐག་ནད་པར་བུ་བཞིན་བརྩེ་བས་རྒྱ་ཆེའི་ནད་པ་མང་པོའི་བསྔགས་བརྗོད་ཚད་མེད་ཐོབ་པ་དང་། ཁོ་མོའི་ཆེད་ལས་ཀྱི་ཆུ་ཚད་དང་ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པས་སྔ་གཞུག་ཏུ་བསང་ཆུ་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་དང་། སྲིད་གྲོས་བསང་ཆུ་རྫོང་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པ། སྐབས་བཅུ་བཞི་བ་བཅས་ཀྱི་ཨུ་ཡོན་དུ་བདམས་པ་དང་། ཀན་ལྷོ་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་དང་ཐེངས་བཅུ་གཅིག་པ། ཐེངས་བཅུ་གཉིས་པ་བཅས་ཀྱི་འཐུས་མིར་བདམས། ༢༠༠༡ལོ་ནས་བཟུང་སྔ་ཕྱིར“ཀན་ལྷོ་ཁུལ་གྱི་གཞོན་ནུ་ལས་ཐོག་འཇོན་མི”དང“ཀན་ལྷོ་ཁུལ་གྱི་བུད་མེད་བྱས་རྗེས་ཅན་གྱི་མིག་དཔེ” བཅས་ལ་བདམས། ༢༠༠༨ལོར། “ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་སྔོན་ཐོན་མི་སྣ”དང “རྒྱལ་ཡོངས་ཀྱི་གསུམ་བརྒྱད་སྔོན་ཐོན་མི་སྣར་བདམས། ༢༠༡༡ལོར“ཀན་སུའུ་ཞིང་ཆེན་གྱི་སྐབས་དྲུག་པའི་སྨན་པ་ཁྲི་ཡིས་ཞིང་སྡེར་རོགས་སྐྱོར་བྱེད་མཁན་གྱི་ཕུལ་བྱུང་ཚོགས་མི”ལ་བདམས། ༢༠༡༣ལོར“ཞིང་ཆེན་ཡོངས་ཀྱི་སྨན་པའི་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྒེར”དང་། ༢༠༡༦ལོར“ཀན་སུའུ་ཞིང་ཆེན་གྱི་གཞི་རིམ་གྱི་བོད་ཀྱི་སྨན་པ་གྲགས་ཅན”སོགས་ཀྱི་མཚན་སྙན་གནངས་པ་མ་ཟད། ༢༠༢༠ལོར“ཀན་ལྷོ་ཁུལ་གྱི་རིམ་པ་དང་བོའི་སྣེ་ཁྲིད་ཤེས་ལྡན་མི་སྣ”དང“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་མཁན་གྱི་ཆེད་མཁས་པའི”གྲས་སུ་བདམས། ཡིན་ཡང་ཁོ་མོ་དེ་དག་ལ་ཡིད་ཚིམ་ནས་མི་སྡོད་པར་གསོ་བ་རིག་པར་སྦྱང་བརྩོན་གྱི་གོམ་སྟབས་ནམ་ཡང་མཚམས་བཞག་མ་མྱོང་བས་གཞུང་ལུགས་ཤེས་བྱ་དང་ལས་ཐོག་ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་དབྱར་མཚོ་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ།
བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན།། རང་གི་ལག་ན་གནས་དང་མཚུངས།། ཞེས་པ་ལྟར་བོད་ཀྱི་གསོ་རིག་གཞུང་ལུགས་དང་ནད་ཐོག་ལག་ལེན་གཉིས་ཆ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་པས། ༢༠༠༢ལོར་བོད་ཁུལ་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་བླངས་ཏེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་། སློབ་གྲྭ་དེ་རུ་བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་ཐད་གཞན་དྲིང་མི་འཇོག་པའི་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་སོགས་ཚད་ལྡན་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ཏེ་བོད་ཀྱི་གསོ་བ་རིག་པའི་མོ་ནད་སྐོར་ལ་སྦྱངས་པ་དཔྱིས་ཕྱིན་པ་ཞིག་མཛད་མཐར། ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་ཐང་གི་དཔྱད་རྩོམ་ལེགས་པར་གྲུབ་ནས་སློབ་མཐར་ཕྱིན། ཁོ་མོ་ནི་ཨ་མདོ་ས་ཁུལ་གྱི་བོད་ཀྱི་གསོ་བ་རིག་པའི་བུད་མེད་ཞིབ་འཇུག་སློབ་མ་དང་པོ་དང་། ཀན་ལྷོའི་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་གི་ཞིབ་འཇུག་སློབ་མ་དང་པོར་གྱུར། སློབ་མཐར་ཕྱིན་རྗེས་གཞན་སའི་ཆ་རྐྱེན་བཟང་བོར་མ་ཞེན་ཞིང་རང་སའི་ཡུལ་མི་སྤུན་ཟླ་སྙིང་ནས་མ་བོར་བར་ཕྱིར་ཕ་ཡུལ་དུ་ལོག་པ་དང་། ཕ་ཡུལ་གྱི་ཉམ་ཐག་ནད་པ་མང་པོའི་ན་བའི་སྡུག་བསྔལ་སེལ་བའི་གཉེན་པོར་ལངས།
མི་ལོ་སུམ་ཅུ་ལྷག་གི་རིང་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ལ་རྩེ་གཅིག་ཏུ་གཞོལ་བས། བོད་སྨན་ཞིབ་འཇུག་དང་ནད་ཐོག་ལག་ལེན། སྨན་རྫས་འདུལ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་དུ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་མ་ཟད། དེང་རབས་གསོ་བ་རིག་པར་ཡང་སྦྱངས་པ་མི་དམན་པ་ཞིག་བྱས། སྔ་གཞུག་ཏུ་《ཀྲུང་གོའི་བོད་རིག་པདང་བོད་ལྗོངས་ཞིབ་འཇུག ཀྲུང་གོའི་བོད་ཀྱི་གསོ་རིགསོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་མྱོང་། དེ་དག་ལསཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་གསོ་བ་རིག་པའི་ཡིག་ཚགས་ཨངp.t༡༠༥༧པའི་བརྡ་དོན་གསལ་འགྲེལཞེས་པར་ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་གསར་དུ་བཏོན་ནས་ལོ་འཁོར་༡༠ལོན་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ། བོད་ཀྱི་གསོ་རིག་གི་ལུས་སེམས་བར་གྱི་འབྲེལ་བ་རགས་ཙམ་བརྗོད་པཞེས་པ་དེ༢༠༡༧ལོའི་ཟླ༡༠བར་ཨ་རིའི་ཧ་ཧྥོ་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་དུ་ཚོགས་པའི་འཛམ་གླིང་ཀྲུང་ལུགས་གསོ་རིག་མཉམ་འབྲེལ་གྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གསུམ་པའི་ཐོག་སྤེལ་རེས་བྱས། བོད་ཀྱི་སྨན་རྫས་རིག་པའི་རྨང་གཞིའི་གཞུང་ལུགས་སྐོར་རགས་ཙམ་བརྗོད་པཞེས་པ༢༠༠༠ལོར་ལྷ་ས་རུ་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་སྤེལ་རེས་བྱས། ཏུན་ཧོང་ཤོག་དྲིལ་དང་ཟླ་རྒྱལ་སོགས་གསོ་རིག་གཞུང་རྙིང་ཁྲོད་ཀྱི་མེ་དམིགས་བསྡུར་དཔྱོདཅེས་པ༢༠༡༦ལོར་པེ་ཅིང་གི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་དྲུག་པའི་སྟེང་སྤེལ་རེས་བྱས། དེ་མིན་ད་དུང་སྒེར་དོན་རྒྱབ་ཏུ་དོར་ཞིང་སྤྱི་དོན་ཁུར་ཏུ་བཞེས་ནས་རྒྱལ་ཁབ་རིམ་པའི་ཚོགས་འདུ་མང་པོ་ཞིག་ལ་ཞུགས་མྱོང་པ་མ་ཟད་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཛའ་བརྩེའི་མཇལ་འཕྲད་གནང་མྱོང་། གཞན་ཡངཀན་ལྷོའི་འཕྲོད་བསྟེན་ལོ་རྒྱུསཀྱི་རྩོམ་སྒྲིག་བྱ་བར་ཞུགས་པ་དང་། དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་བསླབ་དེབམོ་ནད་དང་བུ་བཙའ་རིག་པཞེས་པ་རྩོམ་བསྒྱུར་དང་། གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱི་ནད་ཐོག་བེད་སྤྱོད་ཚད་ལྡན་ཅན་ཞིབ་འཇུགསོགས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི་མང་པོ་ཞིག་གི་འགན་ཁུར་མྱོང་བ་དང་། ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་གསོ་རིག་ཡིག་ཆའི་བརྡ་དོན་གསལ་འགྲེལདང་། གསོ་རིག་རྒྱུད་བཞི་དང་ཏུན་ཧོང་གསོ་རིག་ཤོག་དྲིལ་བཅས་ལས་ཕྲན་བུའི་ནད་ཀྱི་བཅོས་ཐབས་བསྡུར་དཔྱད། ཏུན་ཧོང་གཏེར་ཡིག་བོད་ཀྱི་གསོ་རིག་ཡིག་ཆ་ཁྲོད་ཀྱི་ཚན་རིག་གི་ལྟ་གྲུབ་སྐོར་རགས་ཙམ་བརྗོད་པསོགས་ཞིང་ཆེན་རིམ་པའི་ཞིབ་འཇུག་བྱ་གཞི་སྐོར་ཞིག་ལེགས་གྲུབ་བྱུང་ཡོད་པ་མ་ཟད་། དེ་མིན་གྱི་ཞིབ་འཇུག་བྱ་གཞི་སྐོར་ཞིག་གི་འགན་གཅིག་ལྕོགས་སུ་འཁུར་ཡོད། ཁོ་མོས་བརྩམས་པའིབོད་ཀྱི་གསོ་བ་རིག་པའི་མོ་ནད་དང་བུ་བཙའ་རིག་པའི་རྣམ་བཤདདངབུད་མེད་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ གསོ་རིག་ལོ་རྒྱུས་སྐོར་གྱི་དྲིས་ལན་རྒྱ་མཚོར་འཇུག་པའི་གྲུ་གཟིངས བོད་ཀྱི་གསོ་རིག་སྐོར་གྱི་ཤེས་བྱ་དྲིས་ལན་བློ་གསལ་ཉེར་མཁོབཅས་དཔེ་དེབ་བཞི་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པར་ཆེད་མཁས་པ་དང་ལས་གྲོགས་ཚོའི་བསྔགས་བརྗོད་དང་ཁས་ལེན་གང་ལེགས་ཐོབ། དེ་དག་ལསབུད་མེད་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ(དཔེ་ཚོགས)ཞེས་པ་དེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་སྣ་བརྒྱའི”ཁྲོད་བདམས་པ་མ་ཟད། རྒྱལ་ཡོངས་ཀྱི་བོད་ཡིག་གི་དཔེ་དེབ་དཔེ་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་ཕུལ་བྱུང་བྱ་དགའ་ཨང་དང་པོར་བདམས། ཁོ་མོས་བརྩམས་པའིབོད་ཀྱི་གསོ་རིག་སྐོར་གྱི་ཤེས་བྱ་དྲིས་ལན་བློ་གསལ་ཉེར་མཁོཞེས་པའི་དཔེ་དེབ་དེ་དཔེ་སྐྲུན་འགྲེམ་སྤེལ་ཐེངས་གཉིས་བྱས་པ་དང་སྤྱི་ཚོགས་སྟེང་ཆེས་བྲིན་པའི་དཔེ་དེབ་ཅིག་ཏུ་གྱུར་ཡོད།
མདོར་ན། ཀན་ལྷོའི་བོད་ཀྱི་གསོ་རིག་བྱ་བར་མི་ལོ་སུམ་ཅུ་ལྷག་ལ་གཞོལ་བའི་ཕུལ་བྱུང་ཆེད་མཁས་པ་ཞིག་ཡིན་པའི་ཆ་ནས། ཁོ་མོས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་དར་རྒྱས་གོང་འཕེལ་ཡོང་བར་མགོ་འབུལ་ལུས་འབུལ་བྱས་ཤིང་། རང་ཉིད་ཀྱི་ཡོད་ཚད་གསོ་རིག་ཞིབ་འཇུག་ཐད་བསྟིམས་པའི་བླ་མེད་ཀྱི་སྤྱོད་བཟང་དང་། རང་ལས་གཞན་གཅེས་ཀྱི་ལས་རིགས་ཀུན་སྤྱོད། ཏོག་གསར་གློ་ཚད་སྔོན་འགོག་བྱ་བའི་ཁྲོད་མདུན་མཆོངས་བྱེད་ཕོད་པའི་སྙིང་སྟོབས། ཉམ་ཐག་ནད་པར་བུ་ལྟར་བརྩེ་བའི་ལྷག་བསམ་བཅས་ལ་ནད་པ་ཁྲི་སྟོང་མང་པོའི་བརྩི་བཀུར་དང་བསྟོད་བསྔགས་ཐོབ་མུར། འབྲེལ་ཡོད་ཕྱོགས་ཀྱིས་ཁས་ལེན་དང་གདེངས་འཇོག་ཚད་མེད་གནང་ཡོད་ལ། བོད་སྨན་ལས་རིགས་ཁྲོད་མཚན་སྙན་བླ་ལྷག་ཏུ་རྒྱས་ཤིང་། རང་འཁྲིའི་ལས་དོན་རླབས་པོ་ཆེ་ལ་ཡང་འབྲས་བུ་གྱ་ནོམ་པ་ཞིག་བླངས་ཡོད། འདི་དག་ཡོད་ཚད་ནི་སྐྱེས་མ་ཞིག་གིས་ཕལ་བའི་ལས་གནས་ནས་བསྐྲུན་པའི་བསྟོད་པའི་མཐེ་བོང་བསྒྲེང་ཆོག་ཆོག་གི་གྲུབ་འབྲས་དེ་ཡིན་ལ། བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་དང་མི་རིགས་ལ་ཕུལ་བའི་དྲི་མེད་ཁ་བཏགས་དཀར་བོ་ཞིག་དེ་བས་ཀྱང་ཡིན་ནོ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|