中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། འབྲུག་དཀར་གཙང་བོ་རྩེན་པའི་འཇུག་ངོགས་ཀྱི།། སྣ་འཛོམས་དམངས་སྲོལ་སེམས་པའི་བཅུད་དུ་སྨིན།།
དུས་ཚོད།2021-05-20 16:54:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
མི་ཡུལ་གྱི་དག་ཞིང་།
    ལྷ་དགའ་རི་བོ་དེ་འབྲུག་ཆུ་རྫོང་ཀླུ་རྩེད་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་དང་འབྲུག་དཀར་གཙང་བོའི་ལྷོ་འགྲམ་དུ་རྒྱལ་ལམ 345དང་བར་ཐག་སྤྱི་ལེ 12ཡོད་ས་ན་གནས་ཡོད་པ་དང་། འབྲུག་ཆུ་རྫོང་ཐོག་ནས་ཞིང་ཆེན་རིམ་པའི་ལམ་ཐིག 313བརྒྱུད་དེ་ནུབ་ཕྱོགས་སུ་བསྐྱོད་ན། སྣུམ་ནག་གི་གཞུང་ལམ་དྲང་མོ་ཞིག་འབྲུག་དཀར་གཙང་འགྲམ་གྱི་ཅོ་སྡེ་ནས་ལྷ་དགའ་གྲོག་རོང་དུ་ལྡིང་སྐོར་བརྒྱབ་སྟེ། རི་རྩེ་མཐོངས་ལ་སྙེག་པའི་ལྷ་དགའ་རི་བོའི་ཕྱོགས་སུ་བརྐྱངས་ཡོད།
    མཛེས་ལྗོངས་ཁུལ་གྱི་གཞུང་ལམ་བརྒྱུད་དེ་ལུང་ཁོག་ཏུ་སྐྱོད་དེ་ཅུང་ཙམ་མ་འགོར་བར། རི་གསུམ་མཐའ་ལ་བསྐོར་བའི་གྲོག་རོང་ཞིག་མིག་ལམ་དུ་འཆར་ཞིང་། དེའི་སྟེང་གི་རྦབ་ཆུ་དྭངས་མོ་ལྟ་ན་སྡུག་པ་ཞིག་དངུལ་དཀར་སོ་མང་བརྒྱུད་དེ་བབས།
    ལྷ་དགའ་སྡེ་བ་དེ་རི་བོ་དེའི་རི་སྐེད་ན་གནས་པ་དང་། སྡེ་བ་ཧྲིལ་བོ་རི་ལ་བརྟེན་ནས་ཆགས་འདུག་པས། གཅིག་ཐོག་གཅིག་བརྩེགས་དང་། སྲང་ལམ་འཕྲེད་གཅོད་གཞུང་གཅོད་བྱས་པ་གོ་རིམ་ལྡན་པར་ཆགས།
    སྡེ་བའི་རྒྱབ་རིའི་གཞུང་ལམ་བརྒྱུད་དེ་རི་ལྡེབས་སུ་གྱེན་དུ་སོང་ན། གློ་བུར་དུ་མདུན་ཕྱོགས་ན་ཁོད་སྙོམས་ཤིང་ལྟ་ན་སྡུག་པའི་སྔོ་ལྗང་གི་རྩྭ་ཐང་ཞིག་མིག་ལམ་དུ་མངོན། གསོམ་སྡོང་སྨུག་པོ་དང་དཀར་པོ་སོགས་ཤིང་སྡོང་གནམ་ལ་ཟུག་ནས་ནམ་མཁའ་ཡང་མཐོང་དཀའ་བར་གྱུར། གལ་སྲིད་ཡུལ་དངོས་སུ་མ་སླེབས་ན་གནས་དེའི་མཛེས་སྡུག་ནི་སྨྲ་སེམས་བརྗོད་ལས་འདས།
    ཚང་ཚིང་གི་ནགས་ཚལ་བརྒྱུད་དེ་མུ་མཐུད་དུ་གྱེན་དུ་སོང་ན། ཕྱོགས་གཅིག་ན་ཀྱག་ཀྱོག་གི་གཞུང་ལམ་ཞིག་གྱ་གྱུར་རི་རྩེར་ཐོན་ཞིང་། ཕྱོགས་གཅིག་ན་ནི་རྡོ་ལེབ་ཀྱིས་བཏིང་བའི་རྐང་ཐང་འགྲོ་སའི་རྡོ་སྐས་བཀོད་ལེགས་སུ་སྒྲིག  རི་རྩེ་རུ་ཐོན་ན་མཐོང་རྒྱ་ཡངས་པར་གྱུར་ཅིང་། རྒྱང་རིང་གི་མུ་འབྲེལ་རི་རྒྱུད་དང་རི་རྩེས་སྨུག་པ་གྱོན་ཞིང་། རི་ལྡེབས་ལྗོན་པས་ཁེངས་པ། མགོ་རུ་སྤྲིན་པ་འཁོར་བའི་མཛེས་རིས་ལྟ་ན་སྡུག་པ་ཞིག་མཐོང་ཐུབ།
    དེ་སྔ་རི་ཁུག་ཏུ་སྐྱེངས་ནས་སྐུང་འདྲའི་ལྷ་དགའ་རི་བོས། ད་ལྟ་ལྐོག་གྱུར་གྱི་ཡོལ་རས་ཕྱེ་ནས་མཛེས་སྡུག་གི་ངོ་་གདོང་བསྟན་འདུག
མཛེས་སྡུག་གི་ཞིང་སྡེ།
    འབྲུག་ཆུ་རྫོང་གིས་ཆ་ཡིག་རིག་གནས་དང་རང་རྒྱལ་གྱི་གནའ་བོའི་རིག་གནས། དམངས་སྲོལ་རིག་གནས་སོགས་དཔེར་མཚོན་གྱི་འཐུས་ཚབ་བྱེད་པའི“ཀྲུང་གོའི་ཞིང་སྡེ་བརྒྱ་འཛོམས་ཀྱི་དཔེར་མཚོན”དང་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་ཐུའུ་ཆའོ་ཙི། “རྒྱལ་ཡོངས་ཡུལ་སྐོར་བྱ་ཡུལ་བརྒྱ་འཛོམས”ཀྱི་བཀའ་བཙན་པ་སྡེ་བ་དང་འོད་སྟོང་འབར་བའི་ཁྲིན་ཀོན་གྲོང་རྡལ། ཡིད་དབང་འཕྲོག་པའི་ཧྥུན་ཏས་གྲོང་རྡལ་སོགས་མཛེས་སྡུག་གི་གྲོང་རྡལ་ཆུང་ཆུང་དང་ཁྱད་ཆོས་ཅན་གྱི་སྡེ་བ་ཁག་ཅིག་གསར་གཏོད་བྱས།
    འབྲུག་ཆུའི་ཤར་སྒོ་ཆེན་མོ་ན་གནས་པའི“བོད་ཡུལ་སྐྱིད་ལྗོངས་ཀྱི་སྡེ་བ་དང་བོའི”མཚན་སྙན་ཐོབ་པའི་ཐུའུ་ཆའོ་ཙི་སྡེ་བ་ནི། འབྲུག་དཀར་གཙང་བོའི་འགྲམ་ན་གནས་པས། ཁོར་ཡུག་ལྟ་ན་སྡུག་ཅིང་ཁམས་གསོ་ལ་འཚམ་པ་མ་ཟད། སྡེ་བ་ཧྲིལ་བོར་གནའ་ནས་རྒུན་འབྲུམ་འདེབས་པའི་གོམས་སྲོལ་ཡོད་པས། གནས་དེར“ཁམས་གསོའི་གྲོང་ཆུང་། རྒུན་འབྲུམ་གྱི་ཕ་ས”ཞེས་འབོད་སྲོལ་ཡང་ཡོད། ད་ལྟའི་ཐུའུ་ཆའོ་ཙི་སྡེ་བར་བྱ་དང་བྱེའུས་སྐད་སྒྲ་སྒྲོག་ཅིང་། རྩྭ་དང་རྩི་ཤིང་གི་དྲི་ཞིམ་འཐིལ་ནས། ཐུན་མོང་མ་ཡིན་པའི་ཞིང་ཁམས་ཤིག་ཏུ་ཆགས་པ་མ་ཟད། སྲོལ་རྒྱུན་རིག་གནས་དང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད། ཐུའུ་ཆའོ་ཙི་སྡེ་བར་ད་ལྟ་བཟའ་བཏུང་དང་མགྲོན་ཁང་། སྤྲོ་གསེང་། ཁམས་གསོ་སོགས་བྱེད་ནུས་གཅིག་ཏུ་འདུ་བའི་ཤང་སྡེའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་ཅིག་ཆགས་ཡོད། བཀའ་བཙན་པ་སྡེ་བའི་ཡངས་ཤིང་གཙང་བའི་སྡེ་ལམ་དེ་ནི་སྡེ་དམངས་ཀྱིས་རང་འགུལ་ངང་རང་ཉིད་ཀྱི་རྒྱ་སྒོ་དང་ར་སྐོར་བཤིག་ནས་སྡེ་ལམ་རྒྱ་བསྐྱེད་བཏང་བ་ཡིན་པ་དང་། སྡེ་ལམ་གཡས་གཡོན་གྱི་རྡོ་བརྩིགས་ཀྱི་རྒྱུ་ཆ་ཡང་ཡུལ་དངོས་ནས་བླངས། སྡེ་བའི་མཐའ་སྐོར་ཡོངས་སུ་ཞིང་ལས་པུའུ་ཡིས་ས་ཁམས་མཚོན་རྟགས་ཐོན་རྫས་སུ་ཐོ་འགོད་བདེན་དཔང་བྱས་ཡོད་པའི“འབྲུག་ཆུའི་སྟར་ག”བཙུགས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ནོ།
ཡུལ་སྲོལ་གོམས་གཤིས།
    འབྲུག་ཆུའི་ཏུང་ཧྲན་གྲོང་རྡལ་ལ་གནའ་ནས་ད་བར་དུ“སྒྲོན་སྐོར”དང“སྒྲོན་བསུ”ཞེས་པའི་ཡུལ་སྲོལ་ཡོད། ད་ལྟའི་བར་དུ་ལོ་ངོ 1300ལྷག་གི་ལོ་རྒྱུས་ལྡན། ལོ་ངོ་སྟོང་ཕྲག་རིང་གི“ཏུང་ཧྲན་སྒྲོན་སྐོར”གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ། སྒྲོན་མེ་དང་རོལ་དབྱངས། ཞབས་བྲོ། གཞས་མ་གཏམ། ཤོག་དྲས། རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་མང་འདུས་པའི་སྣེ་མང་ཅན་དང་ཕྱོགས་བསྡུས་ཅན་གྱི་སྒྱུ་རྩལ་གྱི་ལྟེ་བ་རུ་ཆགས་ཡོད།
    འབྲུག་ཆུ་ནས་ད་དུང“དམག་སྒྲིག་ཞབས་བྲོ”ལ་ཡང་ལྟ་ཐུབ། བོད་སྐད་དུ“དམག་གཤིབ”ཟེར། དེ་ནི་འབྲུག་ཆུ་རྫོང་གི་བོད་རིགས་འདུས་སྡོད་ཁུལ་དུ་ཁྱབ་པའི་སྐྱེས་པས་གཙོ་འཁྲབ་བྱེད་པའི་བརྗིད་ཉམས་ལྡན་པའི་ཐུན་མོང་གི་ཞབས་བྲོ་ཞིག་ཡིན།
    ལོ་ལྟར་ལྔ་བའི་ཚེས་ལྔའི“མེ་ཏོག་འཐུ་བའི་དུས་ཆེན”ལ། མི་རྣམས་ཀྱིས་རི་མགོ་ནས་མེ་ཏོག་འཐུས་ཏེ་ལྷ་ལ་མཆོད་ཅིང་། བདེ་ཐང་ཡོང་བའི་སྨོན་འདུན་ཞུ། སྦྲ་རྫོང་ཤང་གི་ན་གཞོན་ཕོ་མོ་ཚོས་ལུས་ལ་གཟབ་འཆོར་སྤྲས་ཏེ་རི་རྒྱབ་ཀྱི་རྦབ་ཆུའི་མདུན་ནས་གླུ་ལེན་གར་རྩེད་ཀྱིས“སྨན་ཆུའི་དུས་ཆེན”རོལ་བ།
    དུས་ཚིགས་མི་གཅིག་པར་འབྲུག་ཆུ་ནས་ད་དུང་ཚན་ཀན་གྱི་བཀྲ་ཤིས་དུས་ཆེན་དང་འཕེན་ཏེན་གྱི་རྟ་རྒྱུག་དུས་ཆེན་སོགས་ཡུལ་སྲོལ་རིག་གནས་བྱ་འགུལ་སྣ་ཚོགས་ལ་རོལ་ཐུབ།
    2015ལོར། ཀྲུང་གོའི་ཆ་ཡིག་སློབ་ཚོགས་ཀྱིས་འབྲུག་ཆུ་རྫོང་ལ“ཀྲུང་གོའི་ཆ་ཡིག་རིག་གནས་རྫོང”གི་མཚན་སྙན་གནང་བ་དང་། ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ཡིག་རིག་གནས་ལའང“མཛེས་སྡུག་གི་ཀྲུང་གོའི་ཐོག་མའི་ཆེས་ཤུགས་རྐྱེན་ལྡན་པའི་ཁྱད་ཆོས་ཅན་གྱི་དུས་སྟོན་བྱ་འགུལ”དུ་བདམས།
ཁྱད་ལྡན་ཟས་མཆོག
    སྣ་མང་ཕུན་ཚོགས་ཀྱི་ཟས་མཆོག་གིས“འབྲུག་ཆུའི་དྲོ་བ”ངང་གིས་མྱུང་ཐུབ། དེར་ཕོ་སིལ་ཤྭ་མོ་དང་ཚེར་ལྔ། དཔའ་ལག་དཀར་པོ། ལོ་མའི་མེ་ཏོག་སོགས་རི་སྐྱེ་སྔོ་ཚལ་རྩ་ཆེན་ཡོད་ལ། ལུག་མིག་གསེར་ཆེན་དང་རྒྱ་སེ་ཇ་ལོ་སོགས་བཏུང་རྫས་ཡང་ཡོད་པ་མ་ཟད། སྲན་ཕྱེ་དྲོན་མོ་དང་ཞོག་ཁོག་དཀྲུགས་མ། མཐོ་སྒང་གི་བྱ་ཤ་དང་འབྲུག་ཆུའི་ཕག་ཤ་སོགས་ཁྱད་ལྡན་ཞོར་ཟས་དང་། ནས་ཆང་། སྦྲང་ཆང་། རྒུན་ཆང་སོགས་ཁྱད་ལྡན་ཆང་རིགས་ཀྱང་ཡོད་པས། 2021ལོར། འབྲུག་ཆུ་རྫོང“ཀྲུང་གོའི་ཁྱད་ལྡན་ཟས་མཆོག་བརྒྱ་འཛོམས་རྫོང”དུ་བདམས།།
(རིན་དགས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།