中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དབུལ་ཐར་གྲུབ་འབྲས་གཡུར་དུ་ཟ།། ཞིང་བའི་གདོང་ལ་འཛུམ་མདངས་རྒྱས།།
དུས་ཚོད།2021-07-19 17:02:53     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    དབྱར་ཚེས་པ་ནས་བཟུང་། ཆར་ཆུ་དུས་སུ་བབས་པས་ཞིང་ཁའི་ལོ་ཏོག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་འདུག ལིན་ཐན་རྫོང་གཡང་ཡོང་གྲོང་རྡལ་གྱི་ས་དཀར་སྡེ་བ་ནི་སྔོན་ཆད་སྲོལ་རྒྱུན་གྱི་ཞིང་ལས་ཁོ་ན་གཉེར་བས་ཐོན་སྐྱེད་རྒྱུ་ཆ་ཞན་ལ་ཡོང་འབབ་ཆིག་རྐྱང་ཡིན་པ་དང་། གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་པའི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་མོད། ན་ནིང་ལོར་རྒྱལ་ཡོངས་དང་མཉམ་དུ་དབུལ་ཐར་བྱུང་སྟེ། ད་སྐབས་ཞིང་བ་ཚོས་ཞིང་ལས་མ་གཏོགས་ད་དུང་ཕྱི་ལ་ཞོར་ལས་སུ་འགྲོ་བའམ་རང་ས་ནས་ཐོན་ལས་སྣ་ཚོགས་གཉེར་ནས་ཕྱུག་འགྱུར་གྱི་ལམ་དུ་སྙེག་པའི་གོམ་སྟབས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་འདུག
    ཉིན་འགའི་སྔོན་གྱི་ཉིན་ཞིག་གི་ཞོགས་པར། ས་དཀར་སྡེ་བའི་སྡེ་དཔོན་བྲེལ་བྲེལ་འཚུབ་འཚུབ་ངང་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་འབྱོར་ཏེ། སྡེ་སྡོད་ལས་བྱེད་པར་མདང་གི་ཆར་བ་ནི་ཞིང་བ་ཚོར་མཚོན་ན་གནམ་ནས་སྒོར་མོ་བབས་པ་འདྲ་ཞེས་བཤད་བཞིན་ཡིད་ཚིམ་པའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ཁོས་མུ་མཐུད་དུ་དེ་རིང་ཁུལ་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཞིབ་བཤེར་ཚན་ཆུང་ང་ཚོའི་སྡེ་བར་ཡོང་ནས་དབུལ་ཐར་གྲུབ་འབྲས་ལ་བསྐྱར་ཞིབ་བྱ་རྒྱུ་རེད་ཅེས་བཤད་དེ། སྒེའུ་ཁུང་ནས་རྒྱ་ལམ་ཕྱོགས་སུ་ཡང་དང་བསྐྱར་དུ་ལྟ་བཞིན་འདུག
    ཅུང་ཙམ་ལས་མ་འགོར་བར། ཞིབ་བཤེར་ཚན་ཆུང་གི་རླངས་འཁོར་གཉིས་དང་སྡེ་བ་འདི་འགན་ལེན་པའི་ལས་བྱེད་པའི་རླངས་འཁོར་གཉིས་གཅིག་རྗེས་གཉིས་མཐུད་དུ་ཡོང་སྟེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་རྩ་ནས་བསྡད་པ་དང་། ཁོ་ཚོ་སྐོར་ཁག་གཉིས་ལ་བགོས་ནས་སྡེ་བའི་ནང་གི་ཡོང་འབབ་བལྟོས་བཅས་ཀྱིས་ཅུང་ཟད་དམའ་ཤོས་སམ་སླར་ཡང་དབུལ་ཕོངས་སུ་འགྱུར་ཉེན་ཆེ་བའི་ཁྱིམ་ཚང་ལ་ལྟ་ཞིབ་ཏུ་སོང་། སྡེ་དཔོན་གྱིས་སྐོར་ཁག་ཅིག་གི་སྣེ་ཁྲིད་དེ་ཐོག་མར་རུས་ཧན་ཡིན་པའི་ཁྱིམ་ཚང་དབུལ་བོ་ཞིག་ལ་འཛུལ། འདི་བ་ཚང་གི་མ་ཁང་ནི་དབུལ་སྐྱོར་རོགས་དངུལ་ལ་བརྟེན་ནས་གཞེས་ནིང་ལོར་གསར་དུ་ཕུབ་པ་ཞིག་ཡིན་འདུག་མོད། འོན་ཀྱང་ཁང་བའི་ནང་གཅོད་མ་ཐུབ་པས་བཟའ་མི་ཚོ་གཡས་འགྲམ་གྱི་ཁང་ཆུང་རྙིང་བའི་ནང་ན་བསྡད་འདུག རུས་ཧན་ཡིན་པའི་ཁྱིམ་བདག་མས་ཞིབ་བཤེར་ཚན་ཆུང་ནང་དུ་བསུས་ཤིང་། ཁྱིམ་ཚང་གི་གནས་ཚུལ་དང་ཡོང་འབབ་ག་འདྲ་ཡོད་ཚུལ་སོགས་རེ་རེ་བཞིན་བཤད་འགོ་བརྩམས། “ཞི་ལུ་ནང་ལོགས་ལ་ཞོར་ལས་སུ་སོང་ནས་ཟླ་ཤས་འགོར་སོང་མོད། ན་ཚ་ཞིག་གི་དབང་གིས་གླ་ཆ་རྣམས་སྨན་ཡོན་དུ་སྤྲད་ནས་ད་སྔ་གསོག་རྒྱུ་མ་བྱུང་། ང་རང་གིས་ལོ་ན་བརྒྱད་ཅུ་རྩ་གྲངས་ལ་བསླེབས་པའི་ཨ་མ་གཉོར་སྐྱོང་བྱ་དགོས་པས་ཕྱིར་ཞོར་ལས་སུ་འགྲོ་མི་ཐུབ་མོད། སྲིད་ཇུས་བཟང་བོའི་དྲིན་ལ་ནགས་སྲུང་བའི་ལས་གནས་དེ་རག་པས་ལོ་རེར་སྒོར 8000རེ་དང་མ་མཐའི་འཚོ་རྟེན་འགན་སྲུང་རིགས་གཉིས་པའི་འཐོབ་ཆ་ཡོད་ལ། ཞིང་ནང་དུ་སྨན་རྩྭ་དང་སྐེ་ཚེ། སྲན་མ། ནས། ཞོག་ཁོག་བཅས་བཏབ་ཡོད”ཅེས་བཤད། ཞིབ་བཤེར་བྱེད་མཁན་ཚོས་སྡེ་བ་འགན་ལེན་པའི་ལས་བྱེད་པར་འདི་བ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་རིམ་པ་དང་བོར་སྤར་ཆོག་ཆོག་རེད་ཅེས་བཤད་པས་ཁྱིམ་བདག་མའི་གདོང་ལ་སྔར་ལས་ལྷག་པའི་འཛུམ་མདངས་ཤིག་གིས་བརྟས།
    སྡེ་དཔོན་གྱིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་ཞིབ་བཤེར་བ་ཚོ་ཁྱིམ་ཚང་དབུལ་བོ་རེ་རེར་འཁྲིད་པ་དང་། ཞིབ་བཤེར་པ་ཚོས“ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག”གི་ཡིག་ཆར་ལྟ་བའམ་ཁྱིམ་བདག་ལ་སྐད་ཆ་འདྲི་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དབུལ་ཕོངས་ཀྱི་རྒྱུ་རྐྱེན་དང་ཁྱིམ་ཚང་གི་གནས་ཚུལ། སྔོན་འགོག་གི་ཐབས་ལམ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། དབུལ་སྐྱོར་ལས་བྱེད་པར་འབྲེལ་ཡོད་སྲིད་ཇུས་རོགས་དངུལ་དམིགས་སར་འབྱོར་བ་བྱ་དགོས་ཚུལ་དང་། སླར་ཡང་དབུལ་ཕོངས་སུ་འགྱུར་ཉེན་ཆེ་བའི་ཁྱིམ་ཚང་དག་ལ་རྒྱུན་དུ་ལྟ་རྟོག་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇེ་ལེགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།།
(ཚེ་རིང་རྡོ་རྗེས།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།