中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རིམས་འགོག་གི་སྐབས་ལ་འགོག་སྨན་རྒྱག་དུས་གང་དག་ལ་ཡིད་འཇོག་བྱ་དགོས།
དུས་ཚོད།2022-04-15 14:52:53     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     ཆུང་། | འབྲིང་། | ཆེ།
   རིམས་ནད་འགོག་ཟོན་ནི་མི་རེ་རེའི་འོས་འགན་ཡིན་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་རྒྱུ་ནི་སྔོན་འགོག་གི་ཐབས་ལེགས་ཤོས་ཡིན། ཚང་མས་རིམས་ནད་འགོག་ཟོན་གྱི་སྐབས་འདི་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་དུས་བྱ་སྤྱོད་འདི་དག་ལ་ཡིད་འཇོག་བྱེད་དགོས།
  གཅིག་ནི། འགོག་སྨན་མ་བརྒྱབ་ཡར་སྔོན་ལ་གྲ་སྒྲིག་བཟང་པོ་བྱ་དགོས།
  ཐོག་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་འབྲེལ་བའི་ཤེས་བྱ་དང་། འགོག་སྨན་རྒྱག་པའི་གོ་རིམ་ལ་རྒྱུས་ལོན་བྱ་དགོས་པ་དང་། འགོག་སྨན་རྒྱག་པའི་ཉིན་དེར་སྟབས་བདེ་ཡོང་ཆེད་ལྭ་བ་ལྷོད་པོ་གྱོན་ན་ལེགས་ལ། རེ་བ་ལྟར་རང་གི་ཐོབ་ཐང་ལག་འཁྱེར་འཛིན་དགོས་པ་མ་ཟད།  སྒོའི་ཕྱིར་འབུད་དུས་ཁ་ཡོལ་རྒྱག་རྒྱུ་གལ་ཆེ།
  གཉིས་པ། མི་གང་དག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་ན་འཚམ་པོ་མིན།
  འགོག་སྨན་དང་འགོག་ཁབ་ཀྱི་སྨན་རྫས་མི་འཕྲོད་པ་དང་། འགོག་སྨན་བརྒྱབ་རྗེས་སུ་མི་བདེ་བའི་ཚད་ཚབས་ཆེན་བྱུང་མྱོང་བ། ད་དུང་ཚོད་འཛིན་ཐུབ་མེད་པའི་དལ་བའི་རང་བཞིན་གྱི་ནད་གཞི་དང་བརྒྱལ་གཟེར་གྱི་ནད། མགོ་ནད། གཞན་དབང་རྩའི་མ་ལག་གི་ནད་གཞི་ཅན་དག་ལ་འཚམ་པོ་མེད། དེ་མིན་དལ་བའི་རང་བཞིན་གྱི་ནད་གཞི་ལྕི་མོ་ཅན་དང་། ཚོར་ཐལ་ཅན(过敏)གྱི་ཕུང་པོ། ཁྱིམ་རྒྱུད་ལ་དབང་རྩའི་ནད་ཡོད་པ་དང་ཡང་ན་དབང་རྩའི་ནད་བྱུང་མྱོང་མཁན། ཁྲག་རྡུལ་ཇེ་ཉུང་དང་ཡང་ན་ཁྲག་ཐོན་རང་བཞིན་གྱི་ནད་གཞི་ཅན། ལུས་ཟུངས་ཞན་པའི་རིགས(དཔེར་ན། སྐྲན་ནད་ངན་གཤིས་ཅན་དང་། མཁལ་ནད་ཕྱོགས་འདུས་ཅན། ཨེ་ཙི་ནད་ཕོག་མཁན་ལྟ་བུ། )ཀྱིས་གཟབ་དགོས། སྦྲུམ་མ་དང་། གློ་བུར་དུ་ནད་འདྲ་མིན་བྱུང་བ་དག་གིས་གནས་སྐབས་སུ་འགོག་སྨན་མ་བརྒྱབ་ན་བཟང་། འགོག་སྨན་རྒྱག་དུས་གནས་ཚུལ་ཤེས་རྟོགས་བྱུང་བའི་མོས་འཐད་ཡི་གེ་ལ་ཞིབ་ཏུ་བལྟ་དགོས་པ་དང་། འགོག་སྨན་རྒྱག་མཁན་སྨན་པར་རང་གི་བདེ་ཐང་གནས་ཚུལ་མ་གསང་དྲང་བོར་བཤད་ན་འགོག་སྨན་བརྒྱབ་ཆོག་མིན་ལ་སྨན་པས་རོགས་བྱེད་ཐུབ། 
  གསུམ་པ་ནི། པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་རྗེས་བྱ་སྤྱོད་འདི་དག་ལ་ཡིད་འཇོག་བྱ་དགོས།
  འགོག་སྨན་བརྒྱབ་རྗེས། བྱིས་པར་འགོག་སྨན་རྒྱག་པ་བཞིན་སྐར་མ30ཡི་རིང་ལ་སྨན་ཁང་དུ་བསྡད་ནས་བརྟག་དགོས་པ་དང་། དེའི་རིང་ལ་ལུས་པོར་མི་བདེ་བ་མ་བྱུང་ཚེ་ཕྱིར་ཁྱིམ་དུ་ལྡོག་ཆོག་པ་དང་། ཕྱིར་ལོག་རྗེས་སུ་ཚ་རྒྱས་ནས་མཚམས་མི་འཇོག་པ་དང་ཧ་ཅང་མི་བདེ་བ་བྱུང་ཚེ་ལམ་སེང་འགོག་སྨན་རྒྱག་སར་འབྲེལ་བ་བྱས་ནས་དུས་ཐོག་ཏུ་སྨན་བཅོས་བྱ་དགོས།
འབྲེལ་ཡོད་ཀྱི་ཡིག་ཆ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་རྗེས། ཆུ་ཚོད48འགོར་རྗེས་སུ་ད་གཟོད་ཉིང་སྒྱུར་བརྟག་དཔྱད་བྱས་ཆོག་པའི་བསམ་འཆར་བཏོན་ཡོད།
  བཞི་བ། འགོག་སྨན་དེ་བརྒྱབ་རྗེས་སུ་ཆང་འཐུང་མི་རུང་ལ། སྐྱུར་བ་དང་སྐ་བ། ཚ་བའི་ཟས་རིགས་མ་སྤྱད་ན་ལེགས།
  རྒྱུན་ལྡན་གྱི་འགུལ་སྐྱོད་དང་། ཟས་རིགས་ཀྱིས་འགོག་སྨན་གྱི་ཕན་ནུས་ལ་ཤུགས་རྐྱེན་མི་ཐེབས་པས་རང་གི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏང་མི་དགོས། ཡིན་ན་ཡང་འགོག་སྨན་བརྒྱབ་རྗེས་སུ་ཚ་རྒྱས་པ་དང་། ཆད་སྣང་སྐྱེས་པ། སྐྱུག་བྲོ་ལངས་པ། ཕོ་བ་བཤལ་བ་སོགས་བྱུང་ཚེ། ཟས་སྙོམས་སྒྲིག་འོས་འཚམ་བྱས་ནས་ངལ་གསོ་དགོས་པ་ལས། ངལ་དུབ་ཆེ་མི་རུང་མ་ཟད། གཏན་ནས་ཆང་འཐུང་མི་རུང་བ་དང་། ཧམ་ཟ་ཧམ་འཐུང་ཡང་བྱ་མི་རུང་།
  ལྔ་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་རྗེས་ལུས་བཀྲུ་ཆོག་གམ།
  འགོག་སྨན་བརྒྱབ་པའི་ཉིན་དེ་ལ་ལུས་བཀྲུ་ཆོག  སྨན་ཁབ་རྒྱག་མཁན་སྨན་པས་དུས་རྒྱུན་འགོག་སྨན་བརྒྱབ་པའི་ཉིན་དེར་ལུས་བཀྲུ་མི་ཆོག་ཅེས་མངག་བཅོལ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་གཙོ་བོ་སྨན་ཁབ་བརྒྱབ་ཤུལ་སྣག་རེད་དུ་འགྲོ་བའམ་ཡང་ན་ན་ཟུག་ཇེ་ཆེར་འགྲོ་བར་དོགས་པ་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ནང་དུ་འཇིབ་འབྱར་སྡེབ་རྫས་ཡོད་པས། འགོག་ཁབ་བརྒྱབ་རྗེས་མི་ལ་ཤས་ཀྱི་འགོག་ཁབ་བརྒྱབ་ཤུལ་དམར་སྐྲངས་སམ་མཁྲེགས་མདུད་རྒྱག་སྲིད་པས། ལུས་འཁྲུད་སྐབས་བཙན་གྱིས་མནན་པ་དང་ཡང་ན་རེག་ཐུག་མ་བྱས་ན་བཟང་། ལུས་བཀྲུས་ཚར་རྗེས་ད་གཟོད་སྨན་ཁབ་ཀྱི་ཤུལ་དེ་ལ་གཙང་དག་བྱས་ཆོག
  དྲུག་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་རྗེས་མི་བདེ་བ་གང་དག་འབྱུང་སྲིད།
  འགོག་སྨན་དེ་བརྒྱབ་རྗེས་ཁབ་ཤུལ་ཟུག་གཟེར་འབྱུང་བ་དང་དམར་པོར་གྱུར་ནས་ཤ་མདུད་རྒྱག་སྲིད་ལ། ལུས་པོ་ཡོངས་ཆད་སྣང་གིས་ཁེངས་ཤིང་། ཚ་དྲོད་རྒྱས་པ། མགོ་ན་བ་སོགས་འབྱུང་སྲིད། གཞན་ད་དུང་སྐམ་ལུད་རྒྱག་པ་དང་། ཡུ་ག་ཆད་པ། སྐྱུག་པ། ཕོ་བ་བཤལ་བ་ལ་སོགས་པའི་རྒྱུན་མཐོང་གི་མི་བདེ་བའི་སྣང་ཚུལ་འབྱུང་སྲིད་པས། འགོག་སྨན་བརྒྱབ་རྗེས་སུ་འགོག་སྨན་རྒྱག་ས་ནས་ཆུ་ཚོད་སྐར་མ30རིང་ལ་བསྡད་དེ་བརྟག་དགོས་ལ། གལ་ཏེ་སྐྱོན་ཆེན་པོ་མེད་ན་ཕྱིར་ལོག་ཆོག འགོག་སྨན་རྒྱག་སའི་སྨན་པས་ང་ཚོར་འགོག་སྨན་བརྒྱབ་རྗེས་སུ་རྒྱུན་མཐོང་གི་མི་བདེ་བ་བྱུང་ཚེ་གང་དག་ལ་ཡིད་འཇོག་བྱ་དགོས་པ་དང་། འགོག་སྨན་བརྒྱབ་རྗེས་ཀྱི་བདེ་ཐང་ལ་ལྟ་ཞིབ་དང་། ཐག་གཅོད་བསམ་འཆར། འབྲེལ་གཏུག་བྱེད་སྟངས་སོགས་གསལ་བོར་བྱེད་ངེས་པས། ཕྱིར་ཁྱིམ་དུ་ལོག་རྗེས་གོང་སྨྲས་ཀྱི་མི་བདེ་བའི་སྣང་ཚུལ་གང་རུང་བྱུང་རྗེས་ལམ་སེང་འགོག་སྨན་རྒྱག་སའི་སྨན་པར་འབྲེལ་བ་བྱས་ནས་སྨན་བཅོས་བྱེད་དགོས།
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།