中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། བདེ་བ་ནི་ཚོར་བ་ཞིག་ཡིན།
དུས་ཚོད།2022-04-18 15:24:00     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     ཆུང་། | འབྲིང་། | ཆེ།
    ང་ཚོ་རང་གཞན་སུ་ཡིན་ནའང་ཉིན་ལྟར་སེམས་སྐྱིད་པོ་ཡོང་རེ་བྱེད་མཁན་ཤ་སྟག་རེད། འོན་ཀྱང་འཚོ་བ་དངོས་ཀྱི་ནང་ལུས་ལ་ན་ཚ་བྱུང་བ་དང་། བསམ་དོན་ཡིད་བཞིན་མ་གྲུབ་པ། དེ་བཞིན་མི་འདོད་བཞིན་དུ་ཐོག་ཏུ་བབས་པའམ་གཏམ་ངན་ཐོས་པ་སོགས་ཀྱིས་རྐྱེན་པས་སེམས་མ་སྐྱིད་པ་ཡོང་བ་མཐོང་ཆོས་སུ་གྱུར་ཡོད། གལ་ཏེ་ང་ཚོས་བསམ་བློའི་འཁྱེར་སོ་ཡང་དག་པ་ཞིག་གི་ཐོག་ནས་དངོས་ཡོད་གནས་ཚུལ་ལ་ལྟ་ཐུབ་པ་ཡིན་ན་རྐྱེན་ངན་བར་ཆད་ཆེན་པོ་ཞིག་འཕྲད་ཀྱང་སེམས་ལ་ཕོག་ཐུག་དེ་ཙམ་ཡོང་གི་མེད། རྒྱུན་དུ་མི་མང་ཆེ་བས་ལྟོ་གོས་ལེགས་པོ་ཞིག་དང་གཏམ་སྙན་གྲགས་ཆེན་པོ་ཞིག་བྱུང་ན་བདེ་སྐྱིད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་སྤྲོ་སྣང་དང་བདེ་སྐྱིད་ལ་མཐའ་གཅིག་ཏུ་ཚད་གཞི་གཏན་ནས་འཇོག་རྒྱུ་མེད།དེ་ཡང་གཏམ་རྒྱུད་དེ་འདྲ་ཞིག་ཡོད་པ་སྟེ། ནགས་ཚལ་ཞིག་གི་ནང་མི་རྒོད་སྤུན་གཉིས་འཚོ་གནས་བྱེད་ཀྱི་ཡོད། མ་གཞི་ཁོ་གཉིས་ཉིན་ལྟར་ནགས་ཚལ་ནང་རྩེད་འཇོ་སྣ་ཚོགས་ལ་རོལ་ནས་དུས་འདའ་བཞིན་ཡོད་མོད། འོན་ཀྱང་ཉིན་རེའི་ཁ་ཟས་འཚོལ་བའི་དཀའ་ཐུབ་དང་ཟས་དཀོན་པའི་རྐྱེན་གྱིས་མི་རྒོད་སྤུན་གཉིས་པོར་འཚོ་བའི་ཐད་སེམས་སྡུག་ཆེན་པོ་ཡོད་པས་ག་དུས་ཡིན་ནའང་ཟས་རྒྱགས་ཚད་བཟའ་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་ཡོད། ཉིན་ཞིག་མི་རྒོད་སྤུན་གཉིས་པོ་ཟས་འཚོལ་བར་སྐྱོད་སྐབས་རི་གཤམ་གྱི་གཅན་གཟན་རྭ་བ་ཞིག་ཏུ་སླེབས། དེར་མི་རྒོད་གཅིག་ལྕགས་དྲའི་ནང་བླུགས་ཡོད་པས་སྤུན་གཉིས་པོས་ཡ་མཚན་དང་བཅས་ཏེ་མི་རྒོད་དེའི་མདུན་དུ་སྐྱོད་སྐབས་ལྕགས་དྲའི་ནང་ཤིང་ཏོག་དང་ཟས་རིགས་སྣ་ཚོགས་བཤམས་ཡོད་པ་མཐོང་བས་ཁོ་གཉིས་རང་དབང་མེད་པར་འགྲམ་ཆུ་ཤོར། མི་རྒོད་གཅུང་པོས་གཅེན་པོར། གཅེན་པོ་ལགས། མི་རྒོད་འདི་འདི་འདྲའི་སྐྱིད་པ་ལ་ཨང་། ཟས་འཚོལ་མི་དགོས་པར་ཉལ་ནས་ཟ་ཆོག་གི་འདུག ང་གཉིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ཟས་ཀྱི་དོན་དུ་དཀའ་བ་འདི་ཙམ་སྤྱད་ཀྱང་བཟའ་རྒྱུ་ཅུང་ཟད་ལས་རག་གི་མི་འདུག་ཅེས་བཤད་པས། གཅེན་པོས་ཀྱང་མགོ་བོ་ལྕོག་ལྕོག་གིས། དངོས་གནས་རེད་ཅེས་བརྗོད། སྐབས་དེར་ལྕགས་དྲའི་ནང་གི་མི་རྒོད་དེས་ཉོབ་མདངས་དང་བཅས་ཏེ་ཁྱེད་རང་གཉིས་འདི་འདྲའི་སྐྱིད་མདོག་ལ་ཨང་།གང་དགའ་གང་སྐྱིད་ཀྱི་གནས་སུ་ཕྱིན་ནས་འཚོ་བ་སྐྱེལ་ཆོག་གི་རེད། ང་ནང་བཞིན་ཉིན་ལྟར་ལྕགས་དྲའི་ནང་བསྡད་ནས་ཕྱི་རོལ་གྱི་གནས་ཚུལ་གསར་པ་གང་ཡང་མཐོང་རྒྱུ་མེད་པ་མ་རེད། མ་གཞི་ང་ལ་ཉིན་ལྟར་ཤིང་ཏོག་སྣ་ཚོགས་བཟའ་རྒྱུ་ཡོད་མོད། འོན་ཀྱང་སྐྱིད་སྣང་ཚོར་རྒྱུ་གཏན་ནས་མི་འདུག འདི་ལས་ཁྱེད་རང་གཉིས་ནང་བཞིན་རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་ཟས་འཚོལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་འདུག་ཅེས་བཤད། ནགས་ཚལ་ཁྲོད་གནས་པའི་མི་རྒོད་སྤུན་གཉིས་པོས་ལྕགས་དྲའི་ནང་གནས་པའི་མི་རྒོད་ལ་ཡིད་སྨོན་བྱེད་པ་དང་། ཡང་ལྕགས་དྲའི་ནང་ཡོད་པའི་མི་རྒོད་ཀྱིས་ནགས་ཚལ་ཁྲོད་གནས་པའི་མི་རྒོད་སྤུན་གཉིས་པོར་ཡིད་སྨོན་བྱེད་ཀྱི་ཡོད། དོན་དངོས་ཐོག་གུ་དོག་པའི་ལྕགས་དྲའི་ནང་གནས་པའི་མི་རྒོད་ལའང་བདེ་བ་མེད་པ་མ་ཡིན། མ་མཐར་ཡང་འཚོ་བའི་སེམས་ཁྲལ་བྱེད་དགོས་དོན་མེད། ནགས་ཚལ་ཁྲོད་རང་དབང་ངང་ཕར་འགྲོ་ཚུར་འོང་བྱེད་པའི་མི་རྒོད་སྤུན་གཉིས་པོར་ཡང་བདེ་སྐྱིད་མེད་པ་མ་ཡིན་ཏེ། གང་དགའ་གང་སྐྱིད་ངང་རང་བྱུང་ཁམས་ཆེན་པོ་ལོངས་སུ་སྤྱོད་ཆོག་གི་ཡོད། དེ་དང་འདྲ་བའི་དཔེ་མང་པོའི་ཐོག་ནས་སྤྲོ་སྣང་དང་བདེ་བ་ཞེས་པ་ནི་མཐའ་གཅིག་ཏུ་ཕྱིའི་དངོས་པོར་རག་ལུས་པ་ཞིག་མ་ཡིན་པར་སྐྱེས་བུ་རང་ཉིད་ཀྱིས་འཚོ་བར་འཛིན་པའི་ལྟ་སྟངས་དང་།རྣམ་འགྱུར། རིན་ཐང་ལྟ་བ་བཅས་ལ་རག་ལུས་པ་མཚོན་གྱི་ཡོད། རྩོམ་པ་པོ་ལི་ཁྲ་ཏེ་ཁའོ་ཆི་ཡིས་སྣང་བ་སྐྱིད་པའི་མི་ཆིག་སྟོང་ལྷག་ལ་བརྟག་དཔྱད་གནང་བའི་འབྲས་བུར་ཁོང་རང་གི་བློ་ཡུལ་ལས་འདས་པ་ཞིག་བྱུང་ཡོད།ཡང་སྙིང་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་མི་རྣམས་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ་ཡོང་གི་ཡོད་དམ་ཞེ་ན། དེ་ནི་བཟའ་ཚང་དབར་བརྩེ་དུང་ཟབ་མོ་ཡོད་པའམ་ཡང་ན་ལམ་འགྲོ་ཆེན་པོ་རྒྱུགས་པ། ཡང་ན་གློ་བུར་ཐོག་རྒྱག་ལ་ནོར་ལོངས་སྤྱོད་ཆེན་པོ་ཐོབ་པ་བཅས་གང་ཡང་མ་ཡིན། དེ་ཡང་ཁའོ་ཆི་ཡིས་སྤྲོ་སྣང་ལྡན་པའི་མི་ལ་འཚོ་བའི་གོམས་གཤིས་བཟང་པོ་ཆུང་ངུ་ཁག་ལྔ་ཡོད་པ་ཤེས་རྟོགས་བྱུང་བ་འདི་ལྟ་སྟེ།
1.སེམས་པ་བཟང་ལ་ཀུན་དང་མཐུན་པའི་གོམས་གཤིས། ཨ་རིའི་མི་ཀྲི་ཨན་མངའ་སྡེའི་སྤྱི་ཚོགས་སེམས་ཁམས་རིག་པ་མཁས་ཅན་དང་ཚད་མ་རིག་པའི་འབུམ་རམས་པ་ཏེ་ཝེ་སྨན་སེར་གྱིས་མིའི་རིགས་ནི་འཇིག་རྟེན་ཐོག་གི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པས་ཚང་མ་གཞན་ལ་བརྟེན་དགོས་པ་དང་གཞན་དང་འབྲེལ་བ་བྱེད་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་རེད། གཞན་ལ་རོགས་པ་བྱེད་པ་དང་། གཞན་ལ་རོགས་པ་ཕྲན་བུ་བྱེད་པ། ཐ་ན་རྒྱུས་མངའ་མེད་པའི་མི་ལ་རོགས་པ་བྱེད་པ་བཅས་ཀྱི་ཐོག་ནས་མི་ཕན་ཚུན་དབར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད་པ་ཚོར་ཐུབ་ཅེས་གསུངས་ཡོད།དེར་བརྟེན་རང་གིས་གཞན་ལ་ཀུན་སློང་བཟང་པོ་དང་། ལྷག་བསམ་རྣམ་དག་གིས་རོགས་པ་བྱས་པ་ལ་ཕ་རོལ་པོས་དགའ་བའི་རྣམ་འགྱུར་བསྟན་པའམ་ཐུགས་རྗེ་ཆེ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་ལ་སྤྲོ་སྣང་སྟེར་ཐུབ།
2.དུས་ཐོག་ཏུ་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོར་འཚམས་འདྲི་ཞུ་བའི་གོམས་གཤིས། གྲོགས་པོར་ཁ་པར་བརྒྱབ་ནས་ཁམས་བདེའི་འཚམས་འདྲི་ཞུས་པ་ཙམ་གྱིས་རང་ཉིད་ལ་སྤྲོ་སྣང་སྟེར་ཐུབ། དེ་ཡང་ལོ་ན35ལ་སོན་པའི་རྩིས་པ་བཀྲ་ཤིས་ལས་ཀའི་རྙོག་དྲས་རྐྱེན་པས་སེམས་མ་སྐྱིད་པ་བྱུང་སྐབས་བཀྲ་ཤིས་ཀྱི་གྲོགས་པོ་ལྷག་ཆུང་གི་ཁ་པར་འབྱོར་ནས་ཁོ་གཉིས་གླེང་མོལ་དུས་ཐུང་བྱས་རྗེས་བཀྲ་ཤིས་སླར་ཡང་སྤྲོ་སྣང་ལྡན་པར་གྱུར་ཡོད།འདི་སྐོར་ཞིབ་འཇུག་མི་སྣས་ཡུན་རིང་ཞིབ་འཇུག་བྱས་པར་གཞིགས་ན།གྲོགས་པོ་གྲོགས་མོ་ནི་རང་ཉིད་བདེ་ཐང་དང་སྤྲོ་སྣང་ཡོང་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན། སྤྲོ་སྣང་ལྡན་པའི་མིས་ཉིན་ལྟར་གཞན་ལ་དུས་ཐུང་གི་འཚམས་
འདྲི་ཞུ་བའམ་ཡང་ན་ཁ་པར་ཐོག་ནས་གླེང་མོལ་སྐར་མ་ལྔ་ཙམ་བྱས་ཚེ་རང་ཉིད་ལ་སྤྲོ་སྣང་སྟེར་ཐུབ་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཚད་མ་རིག་པའི་འབུམ་རམས་པ་སྨན་སེར་གྱིས་“ཁ་པར་བརྒྱབ་ནས་ཁམས་བདེའི་འཚམས་འདྲི་ཞུ་བ་དེས་མི་དང་མིའི་དབར་གྱི་བརྩེ་དུང་དྲན་སྐུལ་བྱེད་ཐུབ་པ་དང་། འཚོ་བའི་ནང་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པ་ཡིན”ཞེས་གསུངས་ཡོད།
3.རང་གིས་རང་ལ་བྱམས་པོ་བྱེད་པའི་གོམས་གཤིས། དེ་ཡང་བྱ་བ་ལམ་ལྷོང་མ་བྱུང་བའི་སྐབས་ཟས་ཞིམ་པོ་ཟ་བ་དང་རྐང་ལག་རྐྱོང་ཤད་བྱས་པ་ཙམ་གྱིས་རང་ཉིད་ལ་སྤྲོ་སྣང་སྟེར་ཐུབ།
4.ལུས་སྦྱོང་འོས་འཚམ་བྱེད་པའི་གོམས་གཤིས།                                                                            
5.བྱ་དངོས་གསར་པ་ཤེས་རྟོགས་བྱེད་པའི་གོམས་གཤིས་བཅས་སོ།
མདོར་ན། སྤྲོ་སྣང་ལྡན་པའི་བསམ་བློ་གཏོང་སྟངས་ཀྱི་གོམས་གཤིས་འཇགས་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གང་ལགས་ཤེ་ན། སྤྲོ་སྣང་ལྡན་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྲུན་ཐུབ་པ་དང་། གཞི་ནས་འཚོ་བའི་ནང་འཕྲད་པའི་དཀའ་ངལ་དང་རྙོག་དྲ་སྣ་ཚོགས་བཟོད་ཐུབ་ལ་སེལ་ཡང་ཐུབ།
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།