中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྲིད་གཞུང་གི་བྱ་བའི་སྙན་ཞུ།
དུས་ཚོད།2019-02-15 11:22:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
-2019ལོའི་ཟླ 1པའི་ཚེས 15ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན། ཀྲའོ་ལིན་ཡུན་གྱིས།
    འཐུས་མི་རྣམ་པ།
    ངས་འདི་ནས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཚང་མས་གྲོས་ཞིབ་གནང་རོགས། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་མི་སྣས་ཀྱང་བསམ་འཆར་དང་གྲོས་གཞི་འདོན་རོགས།
2018ལོའི་བྱ་བར་ཕྱི་མིག་ལྟ་བ།
    2018ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོ་དང་། ཁུལ་དམངས་ཆེན་དང་རྒྱུན་ཨུ་ཁང་གི་ཁྲིམས་ལུགས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང“ཤུགས་འདོན་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱས་ནས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་ལྟར། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱིས་གཙོ་གནད་བྱས་ཏེ། དབུལ་ཐར་འགག་སྒྲོལ་ལ་ཤུགས་འདོན་པ་དང་། ལྗང་མདོག་གི་འཕེལ་རྒྱས་སྐུལ་འདེད། གསར་གཏོད་ཀྱི་སྒུལ་ཤུགས་ལག་བསྟར། བཅོས་སྒྱུར་གཏིང་ཟབ་རྒྱུན་འཁྱོངས། དམངས་འཚོ་ལེགས་བཅོས་ཇེ་མགྱོགས། སྤྱི་ཁོག་གི་གཏན་འཇགས་སྲུང་སྐྱོང་བཅས་ཀྱི་སྒོ་ནས། ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་ཚོགས་འདུ་ཐེངས་གཉིས་པར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཅུང་ལེགས་པོར་གྲུབ་ཡོད། ཚོད་དཔག་ལྟར་ན། ས་གནས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར 152ལེགས་གྲུབ་བྱུང་བར། ལོ་གོང་མར་བསྡུར་ན 4.5%འཕར་སྣོན་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར 165.8བཏང་བས་མར་ཆག་ཚད 6.8%ཡིན། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་གྲངས་སྒོར་དུང་ཕྱུར 52.5ཡིན་པས་འཕར་ཚད 8%ཡིན། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར 9.99ཡིན་པས་འཕར་ཚད 16.83%ཡིན། ཞིང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར 24807ཡིན་པས་འཕར་ཚད 7.8%ཡིན། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར 7600ཡིན་པས་འཕར་ཚད 8.6%ཡིན། ཞིང་གྲོང་དུ་ལས་ཞུགས་གསར་བ་མི 5144འཕར་ཡོད་པས། ལས་ཤོར་ཐོ་འགོད་ཚད 3.2%ནང་ཚོད་འཛིན་བྱས་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས 102.7ནང་ཚོད་འཛིན་བྱས་ཡོད། དངུལ་རྩའི་ལས་ཁུངས་སུ་དངུལ་གསོག་ལྷག་གྲངས་སྒོར་དུང་ཕྱུར 374.36ཡིན་པས་འཕར་ཚད 6.36%ཡིན་ཞིང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར 234.99ཡིན་པས་མར་ཆག་ཚད 0.33%ཡིན།
    2018ལོ་ནི་ཀན་ལྷོའི་འཕེལ་རྒྱས་ལ་དཀའ་ཁག་མང་ཞིང་གནད་དོན་རྙོག་འཛིང་ཆེ་བས། འགྲན་རྩོད་དྲག་པའི་ལོ་ཞིག་ཡིན། འགྲན་རྩོད་ལ་ཁ་ཕྱོགས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ཁག་གདོང་གིས་བསུ་ཞིང་། འགྲན་རྩོད་གསར་བ་དང་ལེན་དང་འགལ་བ་གསར་བ་འདུམ་སྒྲིག་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ས་མཚམས་རྒྱུན་འཁྱོངས་དང་། ས་གནས་ཀྱི་ཐོན་སྐྱེད་སྡོམ་འབོར། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྡོམ་གྲངས། ནོར་སྲིད་ཡོང་སྒོའི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས། ཞིང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བཅས་དམིགས་ཚད་དྲུག་གི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཀྱང་མཐོན་པོ་ཡིན། ལོ་གཅིག་གི་རིང་ལ། ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པ་དང་གྲོང་ཞིང་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་གཞི་ཆེན་མོ་གཉིས་ཀྱི་སྟེང་དུ་གནད་ཤུགས་འདོན་པ་དང་། ཁོངས་ཡོངས་སུ་ཡུལ་སྐོར་གད་སྙིགས་མེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི“གསེར་བྱང”གཉིས་གཙང་མར་འབྱིད་པའི་སྟེང་དུ་ནུས་ཤུགས་ཡོད་རྒུ་འདོན་པ། རིག་གནས་ཡུལ་སྐོར་དང་དེང་རབས་རོང་འབྲོག་ལས་ཀྱི་ཐོན་ལས་ཆེན་མོ་གཉིས་རྒྱ་བསྐྱེད་པའི་སྟེང་དུ་ནུས་ཤུགས་གང་ཡོད་འདོན་པ། དམངས་འཚོ་འགན་སྲུང་དང་གཏན་འཇགས་སྲུང་སྐྱོང་གི་རྨང་གཞི་ཆེན་མོ་གཉིས་ཀྱི་སྟེང་དུ་སེམས་ཤུགས་ཡོད་ཚད་འདོན་པ་བཅས་ཀྱི་སྒོ་ནས། ད་ལོ་དང་སང་ལོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཞག་ཡོད། ལོ་གཅིག་གི་རིང་ལ། ང་ཚོས་གཙོ་བོ་གཤམ་གྱི་བྱ་བ་ཁག་དམ་འཛིན་བྱས་ཡོད་དེ།
    (དང་པོ།) སྲིད་ཇུས་གནད་ཁེལ་ལག་བསྟར་གཙོ་བོར་བཟུང་ནས།  དབུལ་ཐར་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།  མི་སྣ་ཚང་མ་སྐུལ་སློང་དང་རིམ་པ་ལྔ་མཉམ་འབྲེལ།  སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་དབུལ་ཐར་དམ་འཛིན་བྱས་ཡོད།  “ཁུལ་གཉིས་དང་རྫོང་གཅིག”གི་དབུལ་ཐར་འགག་སྒྲོལ་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར 28.79 དངོས་འབེབས་བྱས་ཡོད་ཅིང་།  “གནད་ཁེལ་དབུལ་སྐྱོར་གྱི་ལས་གཞི་ཆེན་མོ་བཅུའི”ལས་གཞི 204ལག་བསྟར་བྱས་ནས།  དབུལ་ཕོངས་པ་མི་ཁྲི 17.13ལ་ཁེ་ཕན་བསྐྲུན་ཡོད།  དབུལ་ཕོངས་ཁྱིམ་ཚང 12659ལ“ཁྱིམ་གཅིག་ཇུས་གཅིག”གནད་ཁེལ་དབུལ་ཐར་གྱི་འཆར་གཞི་དང་ཁྱིམ་ཚང 641ལ་དབུལ་ཐར་ཁྱིམ་ཚང་སྲ་བརྟན་མཐོར་འདེགས་ཀྱི་འཆར་གཞི་དངོས་འབེབས་བྱས་ཡོད་ཅིང་། ཐོན་ལས་དབུལ་སྐྱོར་དང་། སློབ་གསོའི་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། མ་མཐའི་འཚོ་རྟེན་འགན་སྲུང་སོགས་རོགས་སྐྱོར་སྲིད་ཇུས་དང་ལས་གཞི་ལག་ལེན་སྐུལ་འདེད་གཟབ་ནན་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གནད་ཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་ཆེར་བཏང་ཡོད། རོང་འབྲོག་སྡེ་བའི“འགྱུར་གསུམ”བཅོས་སྒྱུར་ཁྱབ་སྤེལ་ལ་ཤུགས་ཆེན་མོ་བཏོན་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བར་ཆེད་གཉེར་མཉམ་ལས་ཁང་དང་ཐུན་མོང་གི་དཔལ་འབྱོར་ཁེབས་སུ་བཅུག་ནས། ཁྱིམ་ཚང་ཁྲི 3.39ཡི་དབུལ་ཕོངས་པ་མི་ཁྲི 13.36ལ་མ་རྐང་བརྒྱུད་ནས་གཏན་འཇགས་ཀྱི་ཁེ་སྤོགས་བགོ་སྐལ་འཐོབ་བཞིན་ཡོད། ཀན་ལྷོའི་ཡུལ་སྐོར་དབུལ་སྐྱོར་དབུལ་འཕྲི་བྱེད་སྟངས་དེ“2018ལོའི་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཡུལ་སྐོར་དབུལ་འཕྲིའི”དཔེ་འཇོག་ཁྲོད་དུ་ཚུད་ཡོད། སློབ་གསོའི་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་དེ། སློབ་བྱོལ་སློབ་མ 5624ཡོད་པ་ཚང་མར་ཁ་བརྡ་བྱས་ནས་ཕྱིར་ལོག་ཏུ་བཅུག་ཡོད། ཚགས་བཟོས་བྱང་བཀོད་ཀྱི་དབུལ་ཕོངས་ཁྱིམ་ཚང་ལ་གན་རྒྱ་ཞབས་ཞུའི་སྨན་པ་དང་། སྲིད་འཛིན་སྡེ་བར་བདེ་ཐང་ཆེད་ལས་པ་ཁེབས་སུ་བཅུག་སྟེ། “སྨན་བཅོས་ཁྱིམ་དུ་སྐྱེལ་བ”མི་ཐེངས་ཁྲི 6.82ཡོད་ཅིང་། དབུལ་ཕོངས་ཁྱིམ་ཚང་གི་བཟའ་མི་སྨན་ཁང་དུ་བསྡད་རྗེས་རྩིས་ཞུ་བྱས་པའི་བསྡུར་ཚད 85%ཡན་ལ་བསླེབས་ཡོད། ཁྱིམ་ཚང 2043གྱི་ཡུལ་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགོ་བརྩམས་ཡོད་ཅིང་། Dརིམ་པའི་ཉེན་ཁང་རྩ་བ་ནས་མེད་པར་བཏང་ཡོད། བདེ་འཇགས་འཐུང་ཆུ་མཐོར་འདེགས་སུ་གཏོང་བའི་ལས་གཞི 251ལག་བསྟར་བྱས་ཡོད་ཅིང་། སྡེ་ལམ་སྤྱི་ལེ 701གསར་བཟོ་བྱས་པ་དང་། སྡེ་ལམ་སྤྱི་ལེ 791སྲ་འགྱུར་བྱས་ཡོད། དབུལ་སྐྱོར་གྱི་བཟོ་ཁང 62བཙུགས་ཏེ། ཐག་ཉེ་སར་དབུལ་ཕོངས་ངལ་རྩོལ་བ་མི 3070བསྡུ་ལེན་བྱས་ཡོད། སྐྱེ་ཁམས་དབུལ་སྐྱོར་གྱི་ནགས་སྲུང་བ་དང་། རྩྭ་ཐང་དོ་དམ་པ། གཙང་སྦྲ་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི 9268འདེམ་འཇོག་བྱས་ཡོད། ཤར་ནུབ་དབུལ་སྐྱོར་མཉམ་ལས་དང་ས་གནས་གཏན་ཁེལ་གྱི་དབུལ་སྐྱོར་སྐུལ་འདེད་གཅིག་གྱུར་འཆར་འགོད་བྱས་ནས། རིགས་མི་འདྲ་བའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར 3.45དངོས་འབེབས་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཐེན་ཅིན་གྱིས་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར 1.64བཏང་ཡོད། ཚགས་བཟོས་བྱང་བཀོད་ཀྱི་དབུལ་ཕོངས་ཁྱིམ་ཚང 7744ལ་གནད་ཁེལ་དབུལ་སྐྱོར་གྱི་ཆེད་སྤྱོད་དངུལ་བུན་སྒོར་དུང་ཕྱུར 3.82མུ་མཐུད་བསྐྱིས་ཡོད། ངལ་ལས་པ་བརྒྱུད་སྤྲོད་མི་ཐེངས་ཁྲི 12.54བྱས་ནས། ཡོང་སྒོ་སྒོར་དུང་ཕྱུར 21.1བླངས་ཡོད། ཁུལ་ཡོངས་སུ་མི་ཁྲི 2.7དབུལ་ཐར་བྱས་ཡོད་ཅིང་། སྡེ་བ 166དབུལ་ཕོངས་ལས་ཐར་ཏེ། དབུལ་ཕོངས་འབྱུང་ཚད 8.54%ནས 3.87%ལ་ཆག་ཡོད། གཙོས་གྲོང་ཁྱེར་དབུལ་ཕོངས་རྫོང་གི་ཁོངས་ནས་ཕྱིར་བུད་ཡོད་ལ། ཀླུ་ཆུ་དང་། རྨ་ཆུ། བསང་ཆུ། ཐེ་བོ། ཅོ་ནེ་བཅས་རྫོང་ལྔ་ལ་ཁུལ་རིམ་པས་ཐོག་མའི་ཞིབ་བཤེར་བྱས་ཡོད།
    (གཉིས་པ།) གཙོ་གནད་ཆེན་མོ་གཉིས་གཙོ་བོར་བཟུང་ནས།  ཞིང་གྲོང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད།  ཁུལ་ཨུའི“ལྗང་མདོག་དར་འཕེལ་གྱི་མཐོ་ས་བཙན་འཛིན་དང་།  ཁོར་ཡུག་གསར་བཅོས་ཀྱི་རིམ་སྤར་གསར་འཛུགས”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར།  ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་དེ་ལས་དོན་གཙོ་བོ་ཞིག་དང་།  བྱེད་ཐབས་གལ་ཆེན་ཞིག  སྒྲུབ་བྱ་འགངས་ཆེན་ཞིག་ཏུ་བརྩིས་ཏེ། ཕྱོགས་ཡོངས་ནས་གཏིང་ཟབ་སར་སྐུལ་འདེད་བྱས་ཡོད།  《ཀན་ལྷོ་ཁུལ་གྱི་ཞིང་གྲོང་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》དང《ཀན་ལྷོ་ཁུལ་གྱི་ཞིང་གྲོང་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་རིང་གི་ལག་ལེན་འཆར་གཞི》གཏན་འབེབས་ལག་བསྟར་བྱས་ཡོད་ཅིང་།  གཙོས་དང་། བསང་ཆུ། ལིན་ཐན། ཅོ་ནེ ཀླུ་ཆུ་བཅས་རྫོང་དང་གྲོང་ཁྱེར 5ཡིས་ཞིང་གྲོང་ཁོར་ཡུག་གཙང་སྦྲའི་ཆེད་དམིགས་འཆར་གཞི་བཀོད་ནས།  ཞིང་གྲོང་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ཚད་ལྡན་ཅན་དང་ལམ་ལུགས་ཅན།  ཁྲིམས་སྐྱོང་ཅན། རྒྱུན་ལྡན་ཅན་དུ་སྐུལ་འདེད་བཏང་ཡོད།  ཚད་གཞི་མཐོན་པོའི་སྒོ་ནས་གྲོང་ཁུལ་ཐོག་ཁང་ཁྱད་ཆོས་ཅན་སྒྱུར་བཀོད་དང་།  གཞུང་ལམ་འགྲམ་རྒྱུད་ཀྱི་གནད་སའི་ཡུལ་ལྗོངས་གསར་སྐྲུན།  གཞུང་ཆུ་འགྲམ་རྒྱུད་ཀྱི་མཛེས་ལྗོངས་འཛུགས་སྐྲུན།  ལམ་འགྲམ་གྱི་འཛུགས་སྐྲུན་ཚོགས་པ་གསལ་སྒྱུར། བརྡ་ཁྱབ་སྒོ་བྱང་རིམ་སྤར་སྒྱུར་བཀོད་སོགས་གྲོང་ཁྱེར་མཛེས་སྒྱུར་གསལ་སྒྱུར་གཏོང་བའི་ལས་གཞི་བསྒྲུབས་ཡོད།  ཏང་སྲིད་ལས་ཁུངས་དང་སློབ་གྲྭ  སྨན་ཁང་དུ་འཚོ་བའི་གད་སྙིགས་རིགས་འབྱེད་བྱེད་པའི་ཚོད་ལྟ་ཁྱབ་གདལ་བཏང་ནས།  འཚོ་བའི་གད་སྙིགས་དག་གཙང་ཅན་དང་།  ཐོན་ཁུངས་ཅན། ཚད་ཉུང་ཅན་དུ་སྐུལ་འདེད་བྱས་ཡོད།  གྲོང་ཁྱེར་དང་ཞིང་སྡེ། ལྗོངས་ཁུལ།  གཞུང་ལམ།  གཙང་ཆུ།  ཚོང་ར།  ལས་གྲྭ། བཟོ་གཏེར།  སློབ་གྲྭ།  སྨན་ཁང་སོགས“ཁྱབ་ཁོངས་ཆེན་མོ་བཅུ”གཙིགས་འཛིན་ནན་མོ་བྱས་ཏེ།  ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ཕྱོགས་ཡོངས་སུ་ཁེབས་ཤིང་།  བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་།  “ཁོར་ཡུག་གསར་བཅོས”ཕྱོགས་ཡོངས་སུ་སྐུལ་འདེད་བྱས་ནས།  ཁོངས་ཡོངས་སུ་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་པར་གྲུབ་འབྲས་ཆེན་པོ་བླངས་ཡོད།  མི་དམངས་དྲ་བས་ཀ་ཤུལ་སྡེ་བ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ 40རིང་གི་རྒྱལ་ཡོངས་ཀྱི“མཛེས་སྡུག་ཞིང་སྡེའི”མ་དཔེ 49གྲས་སུ་བདམས་སོང་།  མ་དངུལ་སྒོར་དུང་ཕྱུར 31.1བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 300གོ་རིམ་ལྡན་པར་འཛུགས་སྐྲུན་ལག་བསྟར་བྱས་ཤིང་།  གཙོ་བོ་དབུལ་ཕོངས་སྡེ་བར་ཕྱོགས་ནས། དབུལ་ཕོངས་སྡེ་བ 169ཡི་དབུལ་ཕོངས་ཁྱིམ་ཚང 6151ལ་ཕན་ཐོགས་ཡོད། ཞིང་ཆེན་སྲིད་གཞུང་ནས་སྤྱིར་བཏང་གི་དངུལ་བུན་སྒོར་དུང་ཕྱུར 9གསར་དུ་བརྩོན་ལེན་བྱས་ནས།  འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་སྟོབས་ཤུགས་ལྡན་པའི་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།  ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་པར“སྡེ་བ་རེ་ལ་འཆར་བཀོད་རེ།  སྡེ་བ་རེ་ལ་ཇུས་གཞི་རེ།  ཁྱིམ་ཚང་རེ་ལ་བྱེད་ཐབས་རེའི”འཆར་གཞིའི་ཆ་ཚང་ཕལ་ཆེར་བཀོད་ཡོད།  གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ཉམས་ལེན། ཁྱད་ལྡན་ཐོན་ལས། སྤྲོ་འཆམ་ཁམས་གསེང་། དམངས་སྲོལ་རིག་གནས་སོགས་རྣམ་པ་མི་འདྲ་བའི་སྡེ་བ་བསྐྲུན་པར་ཤུགས་བཏོན་ནས། ཐུན་མོང་མ་ཡིན་པའི་“སྡེ་བ་རེ་ལ་མྱོང་རྟོག་རེ།  སྡེ་བ་རེ་ལ་མཛེས་ལྗོངས་རེ། སྡེ་བ་རེ་ལ་ཚོར་བ་རེའི”སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་རྣམ་པ་གསར་བ་ཕལ་ཆེར་ཆགས་ཡོད།  ཆུ་དང་གློག ལམ། ཁང་བ། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཅིག་གྱུར་འཆར་བཀོད་སྐུལ་འདེད་བཏང་ཞིང་། སྣ་འཛོམས་ཞབས་ཞུ་ལྟེ་གནས་དང་།  རིག་གནས་ལུས་རྩལ་ཁམས་གསེང་གླིང་། བྱིས་སྐྱོང་ཁང་།  འཕྲོད་བསྟེན་ཁང་སོགས་སྤྱི་བའི་ཞབས་ཞུ་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ནས།  《ཀན་ལྷོ་ཁུལ་གྱི་སྡེ་བ་རིམ་པའི་སྤྱི་བའི་སྒྲིག་ཆས་དོ་དམ་བྱེད་ཐབས》དངོས་སུ་བཏོན་ཡོད།“དྲུག་སྒྱུར་བདུན་བཅོས”ལས་གཞི་ཕྱོགས་ཡོངས་ནས་སྐུལ་འདེད་དང་། 
      “གསུམ་སྐྱོང་གཉིས་བྲལ”བྱེད་སྒོ་གཟབ་ནན་གྱིས་སྤེལ་ནས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཆེན་མོ་བྱུང་ཡོད།
    (གསུམ་པ) ཞིང་སྡེ་ཡུལ་སྐོར་གཙོ་བོར་བཟུང་ནས། ཞིང་སྡེ་དར་རྒྱས་ཀྱི་རྣམ་པ་གསར་བ་མངོན་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་གྱི་ཚོགས་ཆེན་རང་ཁུལ་དུ་ཚོགས་པ་དེས། རང་ཁུལ་གྱི་ཞིང་སྡེ་ཡུལ་སྐོར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། ཡུལ་སྐོར་དབུལ་སྐྱོར་གཙོ་གནད་སྡེ་བ 25འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་ཁྲི 2500དངོས་འབེབས་བྱས་ཡོད། ཡུལ་སྐོར་ཆེད་གཉེར་སྡེ་བ 186འཛུགས་གྲུབ་བྱུང་ཞིང་། རོང་འབྲོག་སྤྲོ་སྐྱིད་ཁྱིམ་ཚང 112རོགས་སྐྱོར་འཕེལ་རྒྱས་བཏང་བས། རོང་འབྲོག་པ་ཁྲི 3.6ལ་ཡུལ་སྐོར་ལས་རིགས་ནས་ཐད་ཀར་ཁེ་ཕན་རག་ཡོད། ཞིང་སྡེ་ཡུལ་སྐོར་ལ་ལས་ཀའི་རྣམ་པ་གསར་བ་མགྱོགས་པོར་འཕར་ཏེ། སྤུས་དག་དམངས་ཤག་དང་། ཤིང་ཁང་སྒར་ས། སྦྲ་གུར་གསོལ་མགྲོན་ཁང་སྐོར་ཞིག་གསར་སྐྲུན་ཚོང་གཉེར་བྱས་ནས། ལུས་གསེར་ཐང་སྡེ་བ་དང་དཔོན་ཡུལ་སྡེ་བས་ཚབ་བྱས་པའི་ཁེ་ཕན་བཟང་ཞིང་ཤུགས་རྐྱེན་ཆེ་བའི་ཡུལ་སྐོར་ཆེད་གཉེར་སྡེ་བ་སྐོར་ཞིག་བྱུང་ཡོད། ཀ་ཤུལ་སྡེ་བར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་དཔེ་སྟོན་གྱི་བྱ་དགའ་ཐོབ་ཡོད་ཅིང་། མིའོ་ཧྭ་ཧྲན་སྡེ་བར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དམངས་ཤག་སྤུས་དག་གི་བྱ་དགའ་ཐོབ་ཡོད། ཐེ་བོའི་གསེར་གཞོང་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་ག་ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་སོང་སྟེ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཆུ་ཚད་ཇེ་མཐོ་དང་། ཐོན་ལས་དང་བོ་དང་གཉིས་པ། གསུམ་པ་མཉམ་བསྲེས་བྱེད་པའི་ཚད་གཞི་ཇེ་མཐོ། རོང་འབྲོག་པ་ཚོང་རར་ཞུགས་ཤིང་ཁྲོམ་རར་འདྲེས་པའི་ལྟ་བར་འཕོ་འགྱུར། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས། རོང་འབྲོག་པའི་ཡོང་སྒོ་སྐྱེད་པའི་ལམ་ཁ་ཇེ་ཡངས། སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་ཇེ་སྟོབས། ཞིང་སྡེ་བཅོས་སྐྱོང་གི་ནུས་པ་ཇེ་ཆེ་བཅས་ཀྱི་སྒོ་ནས། ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤར་དང་། ཞིང་སྡེ་ཕྱོགས་ཡོངས་ནས་ཡར་ཐོན། ཞིང་པ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་བཅས་ལ་འགོ་བཟང་བོ་བརྩམས་ཤིང་ལམ་བཟང་བོ་ཚུགས་ཡོད།
    (བཞི་བ)ལྗང་མདོག་གི་འཕེལ་རྒྱས་གཙོ་བོར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཕན་འབྲས་ཐོན་ཡོད། ཀན་ལྷོ་ཁུལ་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སྔོན་ཚུད་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་གཞི་ཚོད་ལྟའི་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་གཙོ་གནད་ནུས་ཁུལ་འཛུགས་སྐྲུན་ཚོད་ལྟ་དང་། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་སྔོན་ཚུད་དཔེ་སྟོན་ཁུལ་སོགས་ཕྱོགས་བསྡུས་བདག་སྐྱོང་གི་འཆར་གཞི་དངོས་འབེབས་བྱས་ཡོད། མཚོ་ཉིན་དང་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནུས་ཐོན་ཁུལ་ལེགས་སྒྲིག་བྱས་ཏེ་ལེགས་གྲུབ་བྱུང་ཡོད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱ་དགའི་ཁ་གསབ་སྲིད་ཇུས་སྐོར་གསར་བ་དངོས་འབེབས་བྱས་ཏེ། བྱ་དགའི་མ་དངུལ་སྒོར་དུང་ཕྱུར 2.9བསྩལ་ནས། གཞི་རྩའི་རྩྭ་ཐང་མུའུ་ཁྲི 3899དབྱེ་འབྱེད་དང་། མུའུ་ཁྲི 887ལ་ཕྱུགས་ཟོག་གཏན་འགོག རྩྭ་ཕྱུགས་དོ་མཉམ་མུའུ་ཁྲི 2938ཁྱབ་སྤེལ། ལུག་བརྩི་གཞིར་བྱས་ཤིང་ཞིབ་བཤེར་བྱས་ནས་ཚད་ལས་བརྒལ་བའི་སྒོ་ཕྱུགས་ཁྲི 37ཇེ་ཉུང་དུ་བཏང་ཡོད། ཕྱུགས་འགོག་རྩྭ་འདེབས་དང་བྱེ་འགྱུར་རྩྭ་སའི(ས་ནག་གྲམ་པ)ཕྱོགས་བསྡུས་བདག་སྐྱོང་སོགས་ལས་གཞི་གལ་ཆེན་ལག་བསྟར་བྱས་ཏེ། རེས་འཁོར་བགོས་ཁུལ་གྱི་རྩྭ་ས་མུའུ་ཁྲི 80ལ་རྩྭ་ར་བསྐོར་ཞིང་། བྱེ་འགྱུར་ཞན་འགྱུར་གྱི་རྩྭ་ཐང་མུའུ་ཁྲི 76བདག་སྐྱོང་ལེགས་བཅོས་དང་། གསར་སྦོལ་རྩྭ་ཐང་མུའུ་ཁྲི 17བཅས་ཡོད་པས། རང་བྱུང་རྩྭ་ཐང་གི་སྣ་འཛོམས་སྔོ་ཁེབས་ཁྱབ་རྒྱ 96.87 ལ་སླེབས་ཡོད། རང་བྱུང་ནགས་ཚལ་མུའུ་ཁྲི 647དོ་དམ་དང་སྲུང་སྐྱོང་བྱས་ཡོད་ཅིང་། སྤྱི་ཕན་ནགས་ཚལ་མུའུ་ཁྲི 290སྲུང་སྐྱོང་བྱས་ཡོད། ལྗང་སྒྱུར་ནགས་སྐྲུན་མུའུ་ཁྲི 17དང་། འོས་འགན་སྡོང་རྐང་ཁྲི 237བཙུགས་ནས། ནགས་ཚལ་གྱི་ཁེབས་རྒྱ 24.38 ལ་སླེབས་ཡོད། སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་འཐབ་འཛིང་ཕྱོགས་ཡོངས་ནས་འགོ་བརྩམས་ཏེ། རླུང་ཁམས་དང་། ཆུ་གཟུགས། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་རྣམ་གྲངས 40ལག་བསྟར་བྱས་པས། གཙོས་གྲོང་ཁྱེར་གྲོང་ཁུལ་གྱི་མཁའ་དབུགས་རྒྱུ་སྤུས་བཟང་བའི་ཉིན་གྲངས་སྡུར་ཚད 93.5 ལ་སླེབས་ཡོད་ཅིང་། ཁུལ་ཡོངས་ཀྱི་མངའ་ཁོངས་ཀྱི་ས་ངོས་ཆུའི་བཅད་ངོས་དཔྱད་ཞིབ་དང་། ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ས་གནས། གཅིག་འདུ་རྣམ་པའི་འཐུང་ཆུ་ཆུ་འགོའི་རྒྱུ་སྤུས་བཟང་བོ་བཅས་ཀྱི་ཆ་སྙོམས་སྡུར་ཚད 100  ལ་སླེབས་ཡོད།  ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་སུ་ཁྱབ་གདལ་བཏང་ནས། ཆུ་དང་མཚེའུར་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ཡོད། “སྦ་ཕུབ2018”ཆེད་དམིགས་བྱེད་སྒོ་སྐུལ་འདེད་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་ཁོར་ཡུག་ལྟ་ཞིབ་བྱས་པའི་གནད་དོན 19དག་ཐེར་ལེགས་བཅོས་བྱས་ཡོད། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གླེང་སྟེགས་སྐབས་དགུ་བ་ལེགས་པར་བསྒྲུབས་ནས། ཀན་ལྷོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་སུ་གཏོང་བར་གཞུང་ལུགས་ཀྱིས་མཛུབ་སྟོན་དང་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱས་ཡོད།     (ལྔ་བ)ཐོན་ཁུངས་ཀྱི་ལེགས་ཆ་གཙོ་བོར་བཟུང་ནས། ཐོན་ལས་ཕན་འབྲས་མུ་མཐུད་ཇེ་བཟང་དུ་གྱུར་ཡོད། གནག་ཕྱུགས་དང་བོད་ལུག བོད་ཕག་སོགས་ཁྱད་ལྡན་ཐོན་ལས་ཆེན་མོ་བརྒྱད་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁྱད་ལྡན་ཐོན་ལས་ལས་གཞིར་དངུལ་བུན་སྒོར་དུང་ཕྱུར4.49བསྐྱིས་ཡོད། སྐྱེ་ཁམས་ཕྱུགས་ལས་ཀྱི་ཁེ་ཕན་ཇེ་མཐོར་སོང་སྟེ། སྒོ་ཕྱུགས་ཀྱི་སྤྱིའི་འཕར་ཚད་དང་། བཤའ་ཁོངས་སུ་གཏོང་ཚད། ཚོང་ཟོག་ཚད་སོ་སོ37.01 དང 49.51  43.70 ལ་སླེབས་ཤིང་། ཤ་རིགས་ཐོན་ཚད་ཏུན་ཁྲི7.94དང་། འོ་རྫས་ཐོན་ཚད་ཏུན་ཁྲི 8.63ཡིན། རྣམ་གྲངས་ལ་མ་དངུལ་སྒོར་ཁྲི7406དངོས་འབེབས་བྱས་ཏེ། དེང་རབས་ཕྱུགས་ལས་ཀྱི་ཐོན་ལས་ཚང་མ་མཉམ་སྦྲེལ་དང་། རྩྭ་ལས་ཚོད་ལྟ་ས་ཚིགས་སོགས་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ནས། མཉམ་ལས་ཁང186ལ་རོགས་སྐྱོར་བྱས་ཡོད། སྣེ་ཁྲིད་ཁེ་ལས 12ནང་འདྲེན་དང་གསོ་སྐྱོང་བྱས་ཡོད། སྔོ་ཚོད་སོས་ཉར་མཛོད་ཁང 11བསྐྲུན་ཡོད། གནག་ཕྱུགས་དང་བོད་ལུག་འགན་ལེན་མ་དངུལ་ཁ་གསབ་ཀྱི་སྲིད་ཇུས་དངོས་འབེབས་བྱས་ནས། ལོ་དེར་སྒོར་དུང་ཕྱུར1.32སྐྱིན་ཚབ་འཇལ་ཡོད། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། བོད་ཀྲུང་སྨན་རྩྭ་མུའུ་ཁྲི31.92འདེབས་འཛུགས་བྱས་ཤིང་། ཚད་ལྡན་ཅན་གྱི་དཔེ་སྟོན་གཞི་ས་མུའུ་ཁྲི 2.5བསྐྲུན་ཡོད། ལོ་ཏོག་ས་ཁྱོན་མུའུ་ཁྲི111.4ལ་བཏབ་ཡོད་ཅིང་། སོན་བཟང་གཞི་ས་མུའུ་ཁྲི 3བསྐྲུན་ཡོད། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་བཏང་ནས། ལྗང་མདོག་གི་ཁྱམས་རིང་དང་། རྒྱལ་ལམ213གྱི་ལེ་དབར་བརྒྱ་ཡི་ཀླུ་འགྲམ་ཡུལ་ལྗོངས་ལམ། འབྲུག་དཀར་གཙང་བོའི་ཡུལ་སྐོར་ཡུལ་ལྗོངས་ལམ་སོགས་སྤུས་དག་ཡུལ་སྐོར་ལམ་མགྱོགས་པོར་བསྐྲུན་ཡོད། མ་དངུལ་སྒོར་དུང་ཕྱུར15.7བཏང་ནས། བླ་བྲང་དང་། འགོ་ནང་ཐང་། བྲག་སྒམ་ནང་། དག་ཡིག་ཁོག དུང་ཕྲུག་རྩྭ་ཐང་། དབལ་བན་ཚང་སོགས་མཛེས་ལྗོངས་ས་ཁུལ་དུ་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས27ལག་བསྟར་བྱས་ཡོད། ཡུལ་སྐོར་སྤྱོད་ཁང77དང་། གཞུང་ལམ་ལྗོངས་གཟིགས་སྟེགས་བུ4གསར་འཛུགས་དང་རྒྱས་སྐྲུན་བྱས་ཡོད། ཤམ་བྷ་ལ་སྒྱུ་རྩལ་དུས་ཆེན་དང་། ངོ་མཚར་བའི་བོད་ཁམས་ལྕགས་རྟ་འགྲན་སྡུར། བོད་ཤོམ་འགྲན་སྡུར་ཆེན་མོ་སོགས་དུས་ཆེན་དང་འགྲན་སྡུར་གྱི་བྱེད་སྒོ་སྐོར་ཞིག་ལེགས་པར་བསྒྲུབས་ཡོད། ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་གཉིས་ཀ་མུ་མཐུད་ཇེ་མང་སོང་སྟེ། ཡུལ་སྐོར་བ་མི་ཐེངས་ཁྲི1217.2ཡིན་པ་དང་། འཕར་ཚད10.5 ཡིན། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར57.04མངོན་གྱུར་བྱུང་སྟེ། འཕར་ཚད13.6 ཡིན། རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སོང་སྟེ། ཁུལ་ཡོངས་ཀྱི་རིག་གནས་ཁེ་ལས390ཡོད་ཅིང་། རིག་གནས་ཐོན་ལས་གཉེར་བའི་མི4888ཡོད། གསེར་ནག་བཙོ་སྦྱངས་དང་། གློག་ཤུགས་ཐོན་སྐྱེད་འཕེལ་རྒྱས་ཇེ་མགྱོགས་ཕྱིན་ཏེ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར1.8ལེགས་གྲུབ་བྱུང་སྟེ། ལོ་གོང་མ་དང་བསྡུར་ན9 འཕར་ཡོད། ཚོང་རའི་ཚོང་རྫས་མཁོ་སྤྲོད་དང་ཕྱིར་འཚོང་གཉིས་ཀ་དར་རྒྱས་སོང་ཡོད་མོད་རིན་གོང་བརྟན་འཇགས་ཡིན། གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གྱུར་ཏེ།  ཞིང་སྡེའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས(གནས)155གསར་འཛུགས་བྱས་ཏེ། ཁུལ་ཡོངས་ཀྱིས་སྐུད་ཐོག་ནས་ཕྱིར་འཚོང་བའི་མ་རྩ་སྒོར་དུང་ཕྱུར1.6ཡིན། ཐེན་ཅིན་ཀན་ལྷོ་བཤམས་སྟོན་ཁང་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། རྫོང་དང་གྲོང་ཁྱེར་ཁག་གི་སྐྱེ་ཁམས་ཐོན་ལས་ར་བ་འཛུགས་སྐྲུན་ལས་འགོ་བརྩམས་ཤིང་སྐུལ་འདེད་བྱས་ནས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་ཡོད།
    (དྲུག་པ)ཞན་ཆ་ཁ་སྐོང་གཙོ་བོར་བཟུང་ནས། རྨང་གཞིའི་སྒྲིག་ཆས་ཉིན་བཞིན་འཐུས་ཚང་དུ་གྱུར་ཡོད།  ཀྲུང་དབྱང་དང་ཞིང་ཆེན་གྱི་སྔོན་རྩིས་ཁྲོད་མ་དངུལ་སྒོར་དུང་ཕྱུར 60.3བརྩོན་ལེན་བྱས་ནས། རྨང་གཞིའི་སྒྲིག་ཆས་ཀྱི་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་ཡོད། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་དང་། ཟི་ལིང་ནས་ཁྲིན་ཏུའུ(གཙོས་བརྒྱུད)བར་གྱི་ལྕགས་ལམ། གཙོས་ནས་ཅོ་ནེའི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་ཆེན་མོ 8ཀྱི་སྔོན་འགྲོ་བྱ་བ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། བང་གུར་ཐང་ནས་བསང་ཆུའི་མྱུར་བགྲོད་གཞུང་ལམ་ལས་འགོ་ཡོངས་སུ་བཙུགས་པར། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 10བཏང་ཡོད། ཐེ་བོ་ནས་མཛོད་དགེ་སོགས་གཞུང་ལམ་གཙོ་བོ 7གྱི་འཛུགས་སྐྲུན་བདེ་བླག་ཡིན་ཞིང་། རོང་འབྲོག་སྡེ་བའི་གཞུང་ལམ་སྤྱི་ལེ 1032བཏིངས་ཡོད་ལ། གཙོས་གྲོང་ཁྱེར་གྱི་འགྲུལ་བཞུད་སྐྱེལ་འདྲེན་ལྟེ་གནས་ཀྱི་གཞི་རྐང་ཚུགས་ཡོད། ཀླུ་ཆུ(སྟག་ཆུ)གཙོས་སུ་འདྲེན་པའི་བཟོ་སྐྲུན་གྱི་ཆུ་འདོན་ལས་གྲྭ་འཛུགས་གྲུབ་བྱུང་ཞིང་། ཆུ་འདྲེན་ཕུག་ལམ་ཕལ་ཆེར་བརྟོལ་ཡོད། རྨ་ཀླུང་གཞུང་ཆུ་རྨ་ཆུ་མཚམས་ཀྱི་ཆུ་ལོག་འགོག་པའི་བཅོས་སྐྱོང་བཟོ་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཆུ་བེད་རྣམ་གྲངས་དང་བདེ་འཇགས་འཐུང་ཆུ་ཇེ་བཟང་གཏོང་བའི་བཟོ་སྐྲུན 132ཚང་མ་ལེགས་གྲུབ་བྱུང་ནས། གཙང་བོའི་ཆུ་ལག་དང་ཆུ་བོ་ཆུང་འབྲིང་བདག་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་ཐོན་ཡོད། གཞུང་ལམ་དང་། ཟམ་པ། ཆུ་འདོན་སྤྲོད། གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་པ་སོགས་ཞིང་གྲོང་སྲིད་དོན་འཛུགས་སྐྲུན་རྣམ་གྲངས 98ལག་བསྟར་བྱས་པར། མ་དངུལ་སྒོར་དུང་ཕྱུར10.4བཏང་ཡོད། ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)དང་བཟོ་བའི་རིག་གནས་ཕོ་བྲང་ལས་འགོ་བརྩམས་ཡོད།
    (བདུན་པ)གནད་དོན་གྱིས་ཁྲིད་སྟོན་གཙོ་བོར་བཟུང་ནས། བཅོས་སྒྱུར་སྒོ་འབྱེད་ཇེ་ཟབ་ཇེ་མགྱོགས་སུ་བཏང་ཡོད། མུ་མཐུད་དུ“གློད་སྡོམ་ཞབས”གསུམ་གཏིང་ཟབ་དང“སྒྲུབ་བཞི”བཅོས་སྒྱུར་སྐུལ་འདེད་བཏང་ནས། སྲིད་འཛིན་ཞིབ་མཆན་གྱི་དོན་ཚན 235དང་། སྤྱི་བའི་ཞབས་ཞུའི་དོན་ཚན 181ཚད་ལྡན་དུ་བཏང་ཞིང་། ཁུལ་རིམ་པས་སྲིད་འཛིན་ཞིབ་མཆན་འགོད་སའི་ཡིག་ཆ་གལ་ཆེན 842ཇེ་ཉུང་དང་། ལས་སྒྲུབ་རིམ་པ303ཇེ་ཉུང་བཏང་ཡོད། སྤྱི་བའི་ཐོན་ཁུངས་མངོན་སྒྲུབ་འཇོན་འགུག་ཉོ་སྒྲུབ་སྟེགས་བུ་འཛུགས་སྐྲུན་འཁོར་རྒྱུག་བྱས་ནས། ཚད་བཀག་བཅད་གྲངས་མན་གྱི་བཟོ་སྐྲུན་ལས་གཞི་འཇོན་འགུག་དུས་ཡུན་ཆ་སྙོམས་ཉིན 4ཡི་ནང་དུ་ཇེ་ཉུང་བཏང་ཡོད། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཀན་ལྷོར་ཚོང་རྟགས་བདག་སྤྲོད་ཀྱི་སྒེའུ་ཁུང་བཙུགས་ཡོད། “སྒྱུར་གསུམ”བཅོས་སྒྱུར་ཚོད་ལྟའི་ལས་དོན་སྐུལ་འདེད་ཏན་ཏིག་བྱས་པར། རོང་འབྲོག་ཁྱིམ་ཚང 15485ཞུགས་ཤིང་། ཚོད་ལྟར་ཞུགས་པའི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་འཕར་ཚད་ཁུལ་ཡོངས་ཀྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོའི་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས 2མཐོ་ཞིང་། མ་རྐང་བགོ་སྐལ་སྒོར་ཁྲི 785བགོས་ཡོད། ས་ཞིང་གཉེར་འགན་གཙང་ལེན་དབང་ཆ་ཟིན་ཐོར་འགོད་པའི་བྱ་བ་ཕལ་ཆེར་འགྲུབ་ནས། བདེན་དཔང་ཡི་གེ 98570 བཀྲམས་ཡོད། ནགས་དབང་མུའུ་ཁྲི1.15འཁོར་རྒྱུགས་བྱས་ཡོད། ཁྲལ་འབབ་བསྡུ་ལེན་དོ་དམ་བཅོས་སྒྱུར་བདེ་བླག་གྲུབ་ཡོད། ཀྲུང་གོ་དངུལ་ཁང་སོགས་དངུལ་རྩ་ལས་ཁུངས 5ཡིས་རང་ཁུལ་དུ་ཡན་ལག་ལས་ཁུངས་བཙུགས་ནས། དངུལ་རྩ་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཞིང་། ཉེན་འགོག་འགན་ལེན་དང་འགན་སྲུང་གི་ནུས་པ་ཇེ་མཐོར་བཏང་ཡོད། ཁེ་ལས་ཆུང་འབྲིང་གིས་མ་རྩ་བསྡུ་རུབ་བྱེད་དཀའ་བ་ཐག་གཅོད་གང་ལེགས་བྱས་ནས། གསར་ཐོན་ཁེ་ལས་ཆུང་འབྲིང་ལ་སྒོར་དུང་ཕྱུར 4.2བསྐྱིས་ཡོད། ཀན་སུའུ་ཅུན་ཁོན་ཀན་ལྷོའི་དངུལ་རྩ་མཉམ་བསྲེས་ཉེན་འགོག་འགན་ལེན་ཀུང་སི་བཙུགས་ཤིང་། བདག་སྤྲོད་རྣམ་གྲངས 114བྱས་ཤིང་། བདག་སྤྲོད་མ་དངུལ་སྒོར་དུང་ཕྱུར 9.9བཏང་ནས། སྣེ་ཁྲིད་ཁེ་ལས་དང་ཆེད་གཉེར་མཉམ་ལས་ཁང 63ལ་དངུལ་བུན་སྒོར་དུང་ཕྱུར 3.52ལ་ཡིད་རྟོན་ཉེན་འགོག་འགན་ལེན་བྱས་པར། མ་དངུལ་སྒོར་དུང་ཕྱུར 3.2འབྱོར་ཡོད། ཚོང་འགུགས་དངུལ་འདྲེན་ལ་བརྩོན་པ་བྱས་ཏེ། ཚོང་འགུགས་དངུལ་འདྲེན་གྱི་གན་རྒྱའི་རྣམ་གྲངས 44ནང་འདྲེན་བྱས་ནས། གན་རྒྱའི་དངུལ་འདྲེན་སྒོར་དུང་ཕྱུར 55.5ཟིན་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས 106ལ་མ་དངུལ་སྒོར་དུང་ཕྱུར 30.8འབྱོར་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་མགྱོགས་པོར་འཕེལ་ནས། ཚོང་རའི་གཙོ་གཞི་ཁྱིམ་ཚང་ཁྲི 3.86ལ་སླེབས་ཡོད་པར། མ་རྩ་སྒོར་དུང་ཕྱུར503.4ཐོ་འགོད་བྱས་ཡོད།
    (བརྒྱད་པ)མི་གཙོ་བོར་འཛིན་རྒྱུ་གཙོ་བོར་བཟུང་ནས། དམངས་འཚོ་བདེ་སྐྱིད་མུ་མཐུད་ཡར་རྒྱས་སུ་ཕྱིན་ཡོད། སློབ་གསོའི་ལས་དོན་བདེ་བླག་ངང་འཕེལ་རྒྱས་སོང་སྟེ། བྱིས་སྐྱོང་ཁང 32གསར་འཛུགས་བྱས་ཏེ། སྒྲུབ་བཞིན་པའི་བྱིས་སྐྱོང་ཁང 350ཡོད་པས། སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་སློབ་ཞུགས་ཚད 91.50 ལ་སླེབས་ཡོད། “སློབ་གྲྭ་ཉམས་ཞན་ལེགས་བཅོས་གཏོང་བའི”རྣམ་གྲངས་ལག་བསྟར་མགྱོགས་པོ་བྱས་ནས། སློབ་བྱོལ་ཚོད་འཛིན་འགན་ལེན་སྐུལ་འདེད་བརྟན་པོ་བྱས་ཡོད། ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭ་དུས་ལྟར་སློབ་འགོ་ཚུགས་ཡོད། ལོ 15སློབ་ཡོན་མི་དགོས་པའི་འགན་སྲུང་ཆུ་ཚད་སྔར་ལས་ཇེ་བརྟན་བྱས་ཤིང་། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད 93.17 ལ་སླེབས་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་སོང་ཞིང་། གཞུང་འཛུགས་སྨན་ཁང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་། རིགས་བགར་ནས་སྨན་བཅོས་བྱ་རྒྱུ་རིམ་གྱིས་སྐུལ་འདེད། རྫོང་རིམ་པའི་སྨན་ཁང་གི་ཚན་ཁག་གཙོ་བོ་དང་རིག་ཚན་གཉོམ་པོའི་འཛུགས་སྐྱོང་ཡོངས་སུ་ལེགས་གྲུབ་བྱུང་ཡོད། སྡེ་བའི་འཕྲོད་བསྟེན་ཁང82གསར་འཛུགས་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཁུལ་ནང་ནས་ཞིང་གྲོང་སྡོད་དམངས་དང་ཞིང་གྲོང་ལས་བཟོ་བ་སྨན་ཁང་དུ་བསྡད་ཚེ་གཏའ་དངུལ་མི་དགོས་པའི“སྔོན་ལ་སྨན་བཅོས་བྱས་ཏེ་གཞུག་ནས་སྨན་རིན་སྤྲོད་པ”དང“ས་ཚིགས་གཅིག”ནས་རྩིས་ཞུ་བྱེད་པ་ཡོངས་སུ་ཁེབས་སུ་བཅུག་ཡོད་ལ། ས་ཆ་གཞན་པ་ནས་སྨན་རིན་རྩིས་ཞུ་བྱ་རྒྱུ་ཡང་བདེ་བླག་ངང་སྐུལ་འདེད་བྱེད་བཞིན་ཡོད། “ཚོགས་པའི་རྣམ་པས”སྤྱི་ཡོངས་རོགས་སྐྱོར་བྱེད་པར་གྲུབ་འབྲས་ཐོབ་ཡོད་དེ། ཞིང་ཆེན་རིམ་པའི་སྨན་ཁང་གིས་རྫོང་སོ་སོའི་སྣ་འཛོམས་སྨན་ཁང་དུ་སྒོ་བྱང་བཀལ་ནས་ཡན་ལག་སྨན་ཁང་བཙུགས་ཡོད་ཅིང་། ཐེན་ཅིན་གྲོང་ཁྱེར་གྱི་སྨན་ཁང 10ཡིས་ཁུལ་མི་དམངས་སྨན་ཁང་ལ“སྨན་ཁང་གིས་ཚན་ཁག་འགན་ལེན”གྱི་རོགས་སྐྱོར་བྱས། དམངས་འཚོ་འགན་སྲུང་གི་ནུས་པ་ཇེ་མཐོར་སོང་ནས། ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་ཁྲི 1.4ཡི་མི་ཁྲི 4.4ཡི་འགུལ་རྣམ་ལེགས་སྒྲིག་དང་ངོས་འཛིན་ཡང་དག་བྱས་ཡོད། ཞིང་གྲོང་གི་ཁྱིམ་ཚང་ཁྲི 4.62ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི 14.44ཆེས་མ་མཐའི་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག་ཡོད། མ་དངུལ་སྒོར་ཁྲི 447བཏང་ནས། དཀའ་ཁག་ཡོད་པའི་ལས་བཟོ་བ 4247ལ་འཚམས་འདྲི་བྱས་ཤིང་། དཀའ་ཁག་ཡོད་པའི་ལས་བཟོ་བ3864ཡི་དཀའ་ཁག་སེལ་ཡོད། མ་དངུལ་སྒོར་དུང་ཕྱུར54.25བཏང་ནས། ཞིང་ཆེན་གྱིས་བཀོད་པའི་དམངས་འཚོའི་བྱ་བ 10དང་། ཁུལ་གྱིས་བཀོད་པའི་དམངས་འཚོའི་བྱ་བ 10ལག་བསྟར་བྱས་ཡོད། གླ་དངུལ་ཆད་པ་དག་བཅོས་འགན་སྲུང་ལ་སྐུལ་འདེད་བཏང་ནས། ངལ་རྩོལ་བའི་གླ་ཕོགས་སྒོར་ཁྲི 1249.6བདའ་འདེད་བྱས་ཡོད། སྤྱིལ་བུ་ཁུལ་གྱི་སྤྱིལ་ཁང20844བསྒྱུར་བཀོད་བྱས་ཤིང་། རོང་འབྲོག་སྡེ་བའི Cརིམ་པའི་ཉེན་ཁང3354ཞིག་གསོ་བྱས་ཡོད། ཁྱིམ་ཚང 7455ལ་རང་བྱུང་སོལ་རླངས་འབྱོར་ཡོད། རིག་རྩལ་ཚན་རྩལ་ཞབས་ཞུ་ནུས་པ་ཇེ་མཐོར་བཏང་ནས། རྫོང་དང་གྲོང་ཁྱེར་གྱི “ཁང་གསུམ་ཚིགས་གཅིག”དང་། གྲོང་ཞིང་གི་སྣ་འཛོམས་རིག་གནས་ས་ཚིགས། རོང་འབྲོག་སྡེ་བའི་སྣ་འཛོམས་རིག་གནས་ལྟེ་གནས་ཀྱི་ཞབས་ཞུ་ཆུ་ཚད་དང་རྒྱུ་སྤུས་ཇེ་མཐོར་བཏང་ཡོད། བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོབ་དང་། རྒན་གྱའི་མཁར་ནང་གི་མཁར་རྙིང་ཞིག་གསོ། མོ་ཀོའུ་གནའ་ཤུལ་སྲུང་སྐྱོབ་སོགས་རིག་རྫས་ཞིག་གསོ་སྲུང་སྐྱོང་གི་འཛུགས་སྐྲུན་རྣམ་གྲངས་གོ་རིམ་ལྡན་པས་སྐུལ་འདེད་བྱས་ཡོད། ཐོ་ཇུ་མཁར་ནུབ་སྲང་སྡེ་བ་སོགས་སྡེ་བ 10ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོར་བཀོད་ཡོད། ཀན་ལྷོ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་ལེགས་པར་སྒྲུབ་ཡོད། རོང་འབྲོག་མང་ཚོགས་མི་ཐེངས་ཁྲི 5.5ལ་ཚན་རྩལ་གསོ་སྦྱོང་བྱས་ནས། གསར་གཏོད་སྟེགས་བུ་དང་གཙོ་གཞི་སྣ་ཚོགས 25ཟིན་པ་དང་། ཆེད་དབང 164རེ་ཞུ་བྱས་ཡོད།
    (དགུ་བ)ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་གཙོ་བོར་བཟུང་ནས། སྤྱི་ཚོགས་ཀྱི་སྤྱི་ཁོག་འཆམ་མཐུན་གཏན་འཇགས་བྱུང་ཡོད། ལངས་ཕྱོགས་གསལ་བོའི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཞིང་། བོད་ཁུལ་ཁྲིམས་ལྟར་རྒྱུན་རྣམ་ཅན་དུ་བདག་སྐྱོང་བྱེད་པ་སྐུལ་འདེད་ཟབ་མོ་བྱས་ནས། “དོན་དག་མི་འབྱུང་བའི”ཚད་ཐིག་སྲུང་ཡོད་ལ། ཁྱབ་ཁོངས་མང་བོར་ཆེད་དམིགས་གཅིག་བསྡུའི་བདག་སྐྱོང་སྤེལ་ནས། “ཀན་ལྷོའི་འགོག་མཚམས”བརྟན་པོར་སྲུང་ཡོད། ནག་ཚོགས་གཙང་ཕྱགས་ཀྱི་ཆེད་དམིགས་འཐབ་རྩོད་བྱས་ཏེ། ཁྲིམས་ལྟར་ངན་གཏོགས་གྱོད་དོན་སྐོར་ཞིག་རྩད་གཅོད་དང་། ངན་གཏོགས་མི་སྣ་སྐོར་ཞིག་ལ་རྡུང་རྡེག་དྲག་པོ་བྱས་ནས། སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་སེལ་བྱས་ཡོད། “ལྔ་བདུན”ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་མོར་སྤེལ་ཡོད། མེ་མདའ་བསྡུ་ལེན་དང་དྲག་རྒོལ་གནོན་པ། འགལ་ཟླ་རྩོད་གཞི་བར་འདུམ་ཐག་གཅོད་བྱེད་པ། ཡིག་སྐུར་ངོ་གཏུག་གི་གྱོད་གཞི་འདུམ་འགྲིག་བྱེད་པ། “ཚད་གཅིག་དངོས་གསུམ”ཆ་འཕྲིན་འཚོལ་བསྡུ་སོགས་བྱ་བ་གཙོ་གནད་སྐུལ་འདེད་ནན་མོ་བྱས་ཡོད་ལ། འབྲུག་ཆུ་རྫོང་གིས་དུ་ནག་འདེབས་འཛུགས་གཏན་འགོག་བྱས་ནས“ཞྭ་མོ་ཕུད”ཡོད། “འཆལ་སེལ་ཉེས་རྡུང”དང་རིག་གནས་ཚོང་ར་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ཡོད་ཅིང་། དྲ་རྒྱ་བདེ་འཇགས་དོ་དམ་རིམ་བཞིན་ཚད་ལྡན་བཏང་ཡོད། གཞུང་ལམ་འགྲིམ་འགྲུལ་དང་། ཞིང་ལས་འཕྲུལ་ཆས། བཟོ་གཏེར་ཚོང་དོན། མེ་སྐྱོན་སྔོན་འགོག འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་གནས་བབ་མུ་མཐུད་བརྟན་འཇགས་བྱུང་ཡོད། འབྲུག་ཆུ་གཉན་ཡུལ་གྱི་རི་ཉིལ་ཚབས་ཆེན་དང་ཐེ་བོ་འབྲུག་ཆུའི་ཆར་ཞོད་གནོད་འཚེ་ཐག་གཅོད་བཟང་བོ་བྱས་ནས། ཐུབ་ཚོད་ནུས་ཚོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་ཚད་ཇེ་ཆུང་བཏང་ཡོད།
     (བཅུ་བ།)སྤྱོད་ཚུལ་ལེགས་བཅོས་གཙོ་བོར་བཟུང་ནས། རང་སྟེང་གི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ཡོད། “སྤྱོད་སྟངས་ལེགས་སྒྱུར་དང་ཁོར་ཡུག་ལེགས་བཅོས་འཛུགས་སྐྲུན་ལོ”དང་“གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལས་དོན་ཟབ་གཏོང་ཐོད་བརྒལ་ལོ”ཡི་བྱེད་སྒོ་སྤེལ་ཞིང་། ལས་འགན་ལག་བསྟར་གྱི་འགན་མི་འཁུར་བ་དང་། དམངས་དོན་ཞབས་ཞུའི་ལས་དོན་མི་སྒྲུབ་པ། སྐུལ་འདེད་དངོས་འབེབས་གནད་ལ་ཁེལ་བ་སོགས་ཀྱི་གནད་དོན་ལེགས་བཅོས་ལ་ཤུགས་གང་ཡོད་བཏོན་པས། ལས་ཁུངས་ཀྱི་ནུས་ཆོད་ལ་ཡར་ཐོན་གསར་པ་བྱུང་ཡོད། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་ནན་མོ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱིས་སྐོར་གཟིགས་བྱས་ནས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་སྐུལ་འདེད་ལ་ཤུགས་ཡོད་རྒུ་བཏོན་ཡོད། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་དང་། ཁྲིམས་ལྟར་ཁུལ་དམངས་ཆེན་དང་རྒྱུན་ཨུ་ཁང་ལ་བྱ་བ་ཡར་ཞུ། རང་འགུལ་གྱིས་ཁུལ་སྲིད་གྲོས་ལ་འབྲེལ་བ་བྱེད་པར་ཤུགས་སྣོན། རྒྱ་ཆེའི་སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བཅས་ཀྱི་སྒོ་ནས། དམངས་ཆེན་འཐུས་མིའི་བསམ་འཆར་གྲོས་དོན 175དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི 218ཡོད་པ་ཚང་མ་སྒྲུབ་ཚར་རྗེས་ལན་སློག་ཡོད། ཁུལ་སྲིད་གཞུང་གི་བྱ་བའི་སྒྲིག་སྲོལ་བཟོ་བཅོས་འཐུས་ཚང་དུ་བཏང་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་བཤེར་ཟིན་འགོད་ལ་ཤུགས་སྣོན་དང་། དོན་གལ་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་ཀྱི་ཉེན་ཁའི་དཔྱད་འཇོག་ལམ་ལུགས་དངོས་འབེབས་གཟབ་ནན་བྱས་ཡོད། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་འགན་ཕྱོགས་ཡོངས་སུ་དངོས་འབེབས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ་ཨུའི་འབྲེལ་ཡོད་གཏན་འབེབས་བཅས་ལག་བསྟར་གཟབ་ནན་བྱས་ནས། ཚོགས་འདུའི་ཡིག་ཆ་བསྲི་ཚགས་སྟབས་བདེ་དང་། ཧུར་བརྩོན་གྲོན་ཆུང་ལག་ལེན། “གཞུང་གསུམ་གྲོན་དངུལ”ཇེ་ཉུང་བཏང་ཡོད། ཞིབ་རྩིས་ལྟ་སྐུལ་ལ་ཤུགས་བསྣན་ནས། ཞིབ་རྩིས་རྣམ་གྲངས 623ལེགས་གྲུབ་བྱུང་ཡོད།
    ལོ་གཅིག་གི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ལ་དངོས་འབེབས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་མཐོར་འདེགས་བཏང་ནས། ཐེ་བོ་རྫོང་དང་ཀླུ་ཆུ་རྫོང་ལ་རྒྱལ་ཁབ་དམངས་ཨུས་དཔེ་སྟོན་སྡེ་ཚན་གྱི་མིང་བཏགས་ཡོད། ཆོས་ལུགས་ལས་དོན་དོ་དམ་གྱི་ཆུ་ཚད་མུ་མཐུད་ཇེ་མཐོར་སོང་ཞིང་། གྲྭ་བཙུན་གྱི་འཚོ་བ་དང་ཆོས་ལུགས་སྤེལ་སའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད། ཀན་ལྷོ་ཁུལ་གྱི་ས་གནས་ལོ་རྒྱུས 1991-2010ལ་ཞིང་ཆེན་སྒྲིག་རྩོམ་ཨུ་ཡོན་ལྷན་ཁང་གིས་ཆེས་མཐའ་མཇུག་གི་ཞུ་དག་བྱས་ཡོད་ཅིང་། རྒྱལ་ཡོངས་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་བདེ་བླག་ངང་མཇུག་སྒྲིལ་ཡོད། ཡུལ་དམག་འཛུགས་སྐྲུན་དང་། རྒྱལ་སྲུང་སྐུལ་སློང་། “བརྩི་གཉིས”མཉམ་སྐྲུན་བཅས་ལ་གྲུབ་འབྲས་བཟང་པོ་བླངས་ཡོད་ཅིང་། བུད་མེད་དང་བྱིས་པ། དབང་པོ་སྐྱོན་ཅན། ལོ་ལོན་རྒན་པ། རྒྱ་གྲམ་དམར་པོ་སོགས་ཀྱི་ལས་དོན་བདེ་བླག་ངང་ཡར་རྒྱས་སོང་ཡོད། རྒྱུ་སྤུས་ཚད་གཞི་དང་། དངུལ་རྩ་ཉེན་སྲུང་། མི་དམངས་མཁའ་སྲུང་། ཞིང་འཕྲུལ་ཁྱབ་གདལ། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན། བོད་ཀྱི་སྐད་ཡིག སྤྱི་གསོག་མ་དངུལ། སྡོམ་རྩིས། ས་མཚམས། གནམ་གཤིས། ས་འགུལ་སོགས་ཀྱི་བྱ་བར་གྲུབ་འབྲས་གཟེངས་སུ་ཐོན་ཡོད།
    འཐུས་མི་རྣམ་པ། 2018ལོའི་བྱ་བར་ཕྱིར་རྟོག་བྱས་ཚེ། ང་ཚོར་ངོས་ཟིན་གསལ་པོ་ཞིག་ཐོབ་རྒྱུ་ཡོད་པ་ནི། རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་གནད་དོན་སྔར་བཞིན་འབུར་དུ་ཐོན་ཞིང་། སྲིད་གཞུང་བྱ་བའི་མདུན་སར་ལྷགས་པའི་གནོན་ཤུགས་དང་འཐབ་རྩོད་སྔར་བཞིན་ཤིན་ཏུ་མང་། གཅིག་ཏུ་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་སྔར་བཞིན་ཆེ་སྟེ། ཕྱི་ནང་ཁོར་ཡུག་གི་ཤུགས་རྐྱེན་འོག ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཆ་ནས་ཉམས་རྒུད་མ་སོང་བར་བརྟན་འཇགས་ཡིན་མོད་ཀྱང་། དཔལ་འབྱོར་གྱི་དམིགས་ཚད་སྐོར་ཞིག་ལ་གཡོ་འགུལ་ཅུང་ཆེན་པོ་བྱུང་། གཏན་འཇགས་རྒྱུ་ནོར་ལ་མ་རྩ་བཏང་ཚེ་མ་རྩ་གཏོང་བའི་ཡིད་ཆེས་དང་། ཚོང་ར་སྔོན་དཔག སྐྱེ་ཁམས་ཀྱི་ཐེག་ཚད་སོགས་ཀྱིས་ཚོད་འཛིན་ཐེབས་པའི་རྐྱེན་གྱིས། རྣམ་གྲངས་ལས་འགོ་བརྩམས་པས་མི་འདང་བ་དང་། མ་རྩ་གཏོང་ཚད་ཆུང་བ། ཡོང་སྒོ་འཕར་ལམ་དོག་པ། དངུལ་རྩ་མཉམ་བསྲེ་དཀའ་བ་བཅས་ཀྱི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད། གཉིས་སུ་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལྕི་སྟེ། ཁུལ་ཡོངས་སུ་ད་དུང་དབུལ་ཕོངས་མི་གྲངས་ཁྲི 2.15ཡོད། དེ་ཚང་མ་ནི་དབུལ་པོའི་ནང་གི་དབུལ་རྐྱང་དང་ཕོངས་པོའི་ནང་གི་ཕོངས་ནག་ཡིན་ལ། རང་བྱུང་གི་ཆ་རྐྱེན་ཆེས་སྡུག་པ་དང་། སྤྱི་ཚོགས་ཀྱི་ཡར་ཐོན་ཚད་ཆེས་དམའ་བ། རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཆེས་ཞན་པ། རང་སྟོབས་ཡར་སྐྱེད་ཀྱི་ནུས་པ་ཆེས་གཉོམ་པ། དབུལ་ཐར་འགག་སྒྲོལ་གྱི་དཀའ་ཁག་ཆེས་ཆེ་བའི་མཐོ་སའི་རི་མ་ཁུལ་དུ་གཅིག་བསྡུ་བྱས་ནས་ཁྱབ་ཡོད་པས། སོས་མི་ཕེད་པའི་རུས་པ་མཁྲེགས་པོ་ཞིག་ཡིན། གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་དཀའ་ཁག་ཅུང་ཆེ་སྟེ། ས་ཆ་སྐོར་ཞིག་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྩ་བ་ད་དུང་འགོག་ཐུབ་མེད་ལ། རྫོང་དང་གྲོང་ཁྱེར་སྐོར་ཞིག་གིས་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱས་པ་ཅུང་དལ་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གནད་དོན་ལེགས་བཅོས་བྱས་པ་གནད་ལ་མ་ཁེལ་བ། སྦགས་བཙོག་ཁུངས་ཀྱི་སྐུད་ལམ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། བཞི་རུ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་ཏེ། ཐོན་ལས་མ་ལག་ཁ་ཚང་ཞིག་གྲུབ་མེད་པ་དང་། ཁྱད་འཕགས་ཐོན་ལས་གསར་འབྱེད་ཀྱི་རིམ་པ་དམའ་བ། སྲོལ་རྒྱུན་དཔལ་འབྱོར་གྱི་སྤྱི་འབོར་ཆུང་བ། དེང་རབས་ཞབས་ཞུ་ལས་རིགས་དང་གསར་དར་ཐོན་ལས་གསོ་སྐྱོང་མི་འདང་བ། སྔོན་ཐོན་ཆུ་ཚད་ཡོད་པའི་སྣེ་ཁྲིད་ཁེ་ལས་མི་མང་བ། ནོར་སྲིད་ཡོང་སྒོ་དང་འགྲོ་སྒོའི་འགལ་བ་འབུར་དུ་ཐོན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མི་མཐོ་བ་བཅས་སོ།། ལྔ་རུ་གྲོང་ཞིང་གི་རྨང་གཞིའི་སྒྲིག་ཆས་ལ་བུན་ཆད་མང་བ་དང་། མ་རྩ་གཏོང་བ་དང་མ་དངུལ་མཉམ་བསྲེས་ཀྱི་ནང་རྐྱེན་སྐྱེན་པོ་མིན་པ། འགྲིམ་འགྲུལ་དྲ་རྒྱ་དང་ཞིང་གྲོང་གི་སྤྱི་བའི་ཞབས་ཞུའི་མ་ལག་འཐུས་ཚང་མིན་པ། ཆུ་འདོན་གཏོང་དང་། སོལ་རླངས་འདོན་སྤྲོད། གཅིག་བསྡུའི་དྲོད་འདོན། གླིང་ག་ལྗང་སྒྱུར། གད་སྙིགས་དང་ཆར་སུ་ཕྱིར་འབུད་ཐག་གཅོད། སྤྱི་བའི་འགྲིམ་འགྲུལ། རླངས་འཁོར་འཇོག་ས་དང་དམངས་བདེ་སྒྲིག་ཆས་འཛུགས་སྐྲུན་བཅས་རྗེས་ལུས་ཐེབས་ཡོད། དྲུག་ཏུ་བྲེལ་བསྟུན་ཐག་གཅོད་དང་། ས་འགུལ་གནོད་འགོག ལས་གཏོད་ལས་ཞུགས། སློབ་གསོ་འཕྲོད་བསྟེན་སོགས་དམངས་འཚོའི་ཁྱབ་ཁོངས་ན་ཡང་ད་རུང་ཞན་ཆ་མི་ཉུང་བ་ཞིག་ཡོད། དེ་དང་ཆབས་ཅིག་ཏུ། སྲིད་གཞུང་རང་གི་བྱ་བར་བལྟས་ན་ཡང“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་དངོས་འབེབས་བྱས་པ་དེ་མང་ཚོགས་ཀྱི་བླང་བྱ་དང་རེ་འདུན་དབར་ད་དུང་བར་ཁྱད་ཡོད་ཅིང་། ཚོང་གཉེར་ཁོར་ཡུག་མི་བཟང་བའི་གནད་དོན་ད་རུང་འབུར་དུ་ཐོན་ཡོད། སྡེ་ཁག་དང་སྡེ་ཚན་འགའ་རེ་ཡིས་ཞིང་ཆེན་སྲིད་གཞུང་གི“མི་ཆོག་པ་བཅུའི”བླང་བྱ་དངོས་འབེབས་བྱས་པར་མི་འདང་ས་ཡོད། རང་འགུལ་གྱིས་ཞབས་ཞུ་སྒྲུབ་པའི་རྒྱུ་སྤུས་དང་ལས་ཆོད་མི་མཐོ་བས། ཕྱོགས་འགའ་ཞིག་ནས་མང་ཚོགས་ཀྱིས་ལས་དོན་སྒྲུབ་རྒྱུ་ད་རུང་སྟབས་བདེ་མིན། ལས་བྱེད་པ་ཉུང་ཤས་ཤིག་གི་འགན་འཁྲིའི་འདུ་ཤེས་དང་། འགན་ཁུར་བའི་འདུ་ཤེས་མི་དྲག་ཅིང་། བྱ་བ་སྒྲུབ་པའི་བྱེད་ཐབས་མི་མང་ལ། དངོས་འབེབས་བྱེད་པའི་ནུས་ཤུགས་མི་ཆེ་བས། བྱ་བའི་ནུས་པ་དང་ཆུ་ཚད་ད་དུང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ཐུབ་མེད། དཀའ་ཁག་དང་གནད་དོན་འདི་དག་ལ། ང་ཚོས་གཞུག་ཕྱོགས་ཀྱི་བྱ་བའི་ཁྲོད་སྤོབས་པ་ཆེན་པོས་གདོང་གཏོད་དགོས་ཤིང་། རྣག་ཐོག་ཁབ་གཙག་གི་སྲིད་ཇུས་ལག་བསྟར་བྱས་ནས་ཐག་གཅོད་ནན་ཏན་བྱ་དགོས།
    འཐུས་མི་རྣམ་པ། 2018ལོར། ལོ་མང་པོའི་རིང་ལ་མཐོང་དཀོན་པའི་རྙོག་འཛིང་ཛ་དྲག་གི་དཔལ་འབྱོར་གནས་བབས་གདོང་གིས་བསུས་ཏེ། ཁུལ་ཨུའི་རྒྱང་རིང་སྔོན་དཔག་གི་བཀོད་སྒྲིག་དང་། ཁུལ་དམངས་ཆེན་གྱིས་ལས་རིམ་ཡོངས་ལ་ལྟ་སྐུལ། ང་ཚོས་དཀའ་ཁག་དང་འགྲན་རྩོད་ལ་གདོང་གཏད་ནས། དབྱེ་ཞིབ་ཐག་གཅོད་ནན་མོ་དང་། སྣ་འཛོམས་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། དཔལ་འབྱོར་གཞི་རྩ་སྤྱིའི་ཆ་ནས་གཏན་འཇགས་རྒྱུན་འཁྱོངས་བྱས་ཡོད་ཅིང་། སྤྱི་ཚོགས་སྤྱི་ཁོག་སྤྱིའི་ཆ་ནས་བརྟན་འཇགས་བྱས་ཡོད། གྲུབ་འབྲས་འདི་དག་ནི་ཞི་ཅིན་ཕིན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁ་ཕྱོགས་གཏན་ཁེལ་བྱས་པའི་མཇུག་འབྲས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་དང་གཟིགས་སྐྱོང་བྱས་པའི་མཇུག་འབྲས། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་མཇུག་འབྲས། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཆེན་པོའི་མཇུག་འབྲས། ཐེན་ཅིན་གྲོང་ཁྱེར་སོགས་ཞིང་ཆེན་ཕྱི་ནང་གི་རོགས་སྐྱོར་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པའི་མཇུག་འབྲས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པའི་མཇུག་འབྲས་བཅས་ཡིན་པས། འདི་ནས་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ཡོངས་དང་། སྒེར་སེམས་མེད་པར་ཀན་ལྷོར་རོགས་སྐྱོར་བྱས་པའི་ཐེན་ཅིན་གྲོང་ཁྱེར་སོགས་ཞིང་ཆེན་ཕྱི་ནང་གི་རོགས་སྐྱོར་ལས་ཁུངས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། མི་དམངས་ཚོགས་པ། ཏང་ཤོག་མེད་པའི་མི་སྣ། ཁུལ་སྡོད་མི་དམངས་བཅིངས་གྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་པ་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་ལས་ཐོག་དང་པོ་ན་འབད་བརྩོན་བྱེད་བཞིན་པའི་རོགས་སྐྱོར་རུ་མི་དང་ལས་བྱེད་མང་ཚོགས། ད་དུང་ངལ་རྩོལ་པ་དང་། ལས་གཉེར་པ། འཛུགས་སྐྲུན་པ། ལྟ་སྲུང་པ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
2019ལོའི་དམིགས་འབེན་གཙོ་བོ་དང་
གནད་འགག་གི་བྱ་བ།
    2019ལོ་ནི་ཀྲུང་གོ་གསར་བ་ཚུགས་ནས་ལོ་འཁོར 70ལོན་པའི་ལོ་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་ལ་རྒྱལ་ཁ་རྟིང་ལེན་བྱེད་པའི་བརྒྱ་ལོ་དང་བོའི་འབད་འཐབ་དམིགས་འབེན་གྱི་གནད་འགག་གི་ལོ་ཡང་ཡིན། ད་ལོའི་བྱ་བ་ལེགས་བསྒྲུབ་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་འགག་སྒྲོལ་དང་། རྒྱལ་ཡོངས་ཞིང་ཆེན་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་གལ་འགངས་ཧ་ཅང་ཆེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རླབས་ཆེ་བའི་ཕུགས་འདུན་གྱི་རི་མོ་བྲིས་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར 40ལོན་པའི་ཚོགས་ཆེན་གྱིས་རླབས་ཆེ་བའི་འགྱུར་བཅོས་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པས་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་མདུན་དུ་སྐུལ་བར་འགྱུར་མེད་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་རྒྱས་པར་གྱུར། རྒྱལ་ཁབ་ཀྱི་སྐབས་གསར་བའི་ནུབ་རྒྱུད་གསལ་སྤེལ་ཆེན་མོ་མདུན་སྐུལ་ཆེན་པོ་བྱས་ཤིང་རྒྱུད་གསུམ་ཁུལ་གསུམ་གྱི་དབུལ་ཚབས་ཆེ་བའི་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་རིམ་གྱིས་དངོས་འབེབ་བྱུང་བ་དང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ལ་ཆད་གསབ་བྱེད་ཚད་ཆག་མེད་དུ་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། བཏོན་ཞིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཆེད་སྤྱོད་མ་དངུལ་བསྡུས་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དང་གནད་འཁེལ་དབུལ་སྐྱོར། རྨང་གཞིའི་སྒྲིག་ཆས་འཛུགས་སྒྲུབ་སོགས་གལ་ཆེ་ཕན་ལྡན་གྱི་སྲིད་ཇུས་ལ་རོགས་འདེགས་བྱས་ནས་ང་ཚོས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ལྗང་མདོག་དར་འཕེལ་མངོན་འགྱུར་ཡོང་བ་ཇེ་མགྱོགས། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་བཅས་ལ་ལོ་རྒྱུས་ཀྱི་གོ་སྐབས་བསྐྲུན་ཡོད་པས། ང་ཚོས་བསམ་བློ་བཅིངས་གྲོལ་དང་ལས་འགན་ཕྲག་ལེན། དངོས་ཐོག་བདེན་སྒྲུབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེ་ཚན་གསར་བ་རྩོམ་པར་འབད་པ་བྱ་དགོས།
    སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཤིང་གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་ཇུས་གཅིག་གྱུར་སྒོས་སྐུལ་འདེད་བྱས་ནས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་མདུན་སྐུལ་ལ་མཐུན་སྦྱོར་བྱ་དགོས། ཁྱོན་ཡོངས་ནས་ཀྲུང་དབྱང་གི་རྒྱུན་འཁྱོངས་ལྔ་དང་བརྟན་པ་དྲུག་གི་སྲིད་ཆེན་བྱེད་ཕྱོགས་དང་སྲིད་ཇུས་བླང་བྱ་ལག་བསྟར་དངོས་འབེབ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཕྱོགས་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་གཞི་གཙོ་བོ་བྱས་ནས་འཕར་སྣོན་བརྟན་ཞིང་བཅོས་སྒྱུར་སྐུལ་བ་དང་། སྒྲིག་གཞི་སྙོམས་ཤིང་དམངས་འཚོ་ལ་ཕན་པ། ཉེན་ཁ་འགོག་ཅིང་བརྟན་ལྷིང་སྲུང་བའི་བྱ་བ་སྣ་ཚོགས་ནན་ཏན་གྱིས་སྐུལ་འདེད་བྱས་ནས་མཁྲེགས་གཏོར་ཆེན་མོ་གསུམ་གྱི་འགག་སྒྲོལ་ལ་མུ་མཐུད་དུ་འབད་ཅིང་། ཁྱོན་ཡོངས་ནས་སྐྱེ་ཁམས་ལྔ་འཛུགས་སྐྱོང་བྱས་ཏེ། དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐའ་ཚད་རང་བཞིན་གྱི་དམིགས་འབེན་འགན་འཁྲི་འབུར་དུ་ཐོན་པར་བྱ་དགོས། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ནས་སྐྱེ་ཁམས་ཐོན་ལས་དམ་འཛིན་ལ་ཤུགས་སྒྲིམ་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཆད་གསབ་ཁ་སྐོང་ལ་ཤུགས་བཏོན་ནས་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་ལ་སྟོབས་ཤུགས་གང་ཡོད་འདོན་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་འཇགས་སྣང་བ་ཚད་མཐོན་པོས་ཇེ་མཐོར་བཏང་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་བསྐྲུན་ལ་སྟོབས་ཤུགས་འདོན་དགོས།
    སྔོན་དཔག་གི་དམིགས་འབེན་གཙོ་བོ། ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར 4.5%འཕར་སྣོན་ཡོང་དགོས། བརྟན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད 2%འཕར་བ་འགན་སྲུང་བྱེད་པ་དང་གཉིས་གནས་འཕར་བར་བརྩོན་དགོས། སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ 4.5%འཕར་སྣོན་གཏོང་དགོས། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སྤྱི་འབོར 8%འཕར་སྣོན་གཏོང་དགོས། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་འབབ 7%འཕར་སྣོན་གཏོང་དགོས། རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ 8%འཕར་སྣོན་གཏོང་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས 103གྱི་ནང་ཚུད་དུ་ཚོད་འཛིན་བྱ་དགོས། ཐོན་སྐྱེད་སྤྱི་འབོར་གྱི་རྩིས་གཞིའི་ནུས་གྲོན་དང་སྦགས་བཙོག་དངོས་རྫས་གཙོ་བོ་ཕྱིར་ཕུད་བྱེད་པ་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚོད་འཛིན་དམིགས་འབེན་ལྟར་འགྲུབ་དགོས།
    ད་ལོ་ང་ཚོས་གཙོ་གནད་དུ་དམ་འཛིན་བྱ་རྒྱུའི་བྱ་བ་ལ་ཕྱོགས་བརྒྱད་ཡོད་དེ།
    གཅིག གནད་འཁེལ་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་ལེགས་སྒྱུར་བཟང་བཅོས་ཐད་ཤུགས་བཏོན་ཏེ་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ལེན་དགོས།
    དབུལ་ཐར་འགག་སྒྲོལ་ནི་རྟིང་མ་ཐག་གཅོད་ཀྱི་དུས་རིམ་དུ་བསླེབས་ཡོད་པས་ངེས་པར་དུ་མ་དངུལ་གཅིག་སྡུད་དང་ཐོན་ཁུངས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བྱས་ནས་འདུ་ཤུགས་ཆེན་པོས་མཁྲེགས་གཏོར་བྱ་དགོས། ལོ་འདིའི་ནང་དབུལ་ཕོངས་མི་གྲངས་ཁྲི 1.77ཇེ་ཉུང་དུ་གཏོང་དགོས། ཀླུ་ཆུ་དང་རྨ་ཆུ། བསང་ཆུ། ཐེ་བོ། ཅོ་ནེ་བཅས་རྫོང 5བོ་རྒྱལ་ཁབ་དང་ཞིང་ཆེན་གྱི་ཞིབ་བཤེར་ཚད་ལེན་གྱི་ཚད་ཐིག་ལོངས་དགོས་པར་ཁག་ཐེག་བྱ་དགོས་པ་དང་། ལིན་ཐན་དང་འབྲུག་ཆུ་རྫོང་གཉིས་ཀྱི་དབུལ་ཕོངས་ཞྭ་མོ་དོར་ནས་ལོ་གཅིག་སྔུན་སྣུར་གྱིས་ཁུལ་ཡོངས་རྫོགས་དབུལ་ཐར་འབྱུང་བར་སྟོབས་ཤུགས་འདོན་དགོས།
    སྲིད་ཇུས་ཀྱི་བག་ནུས་ཟབ་བསྔོག་བྱ་རྒྱུ། དབུལ་སྐྱོར་སྲིད་ཇུས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་སྲིད་ཇུས་ཀྱི་སྒུལ་ནུས་འདོན་སྤེལ་བྱས་ཏེ་སྲིད་ཇུས་ཀྱི་ཤུགས་འདོན་ས་དང་གནད་ས་ལ་དམིགས་ཏེ། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་གྱི་མདུན་དུ་ལྷགས་པའི་དཀའ་ཁག་ཐག་གཅོད་ལེགས་པོ་བྱ་དགོས། དབུལ་ཕོངས་མི་སྣ་སླར་ཡང་ཕོངས་སུ་འགྱུར་བའི་གནད་དོན་ཇེ་ཉུང་དང་སྔོན་འགོག་བྱེད་པ་དང་། ཡོང་འབབ་ཆུ་ཚད་ཚགས་སྒྲིག་དབུལ་ཕོངས་ཁྱིམ་ཚང་ལས་ཅུང་ཟད་མཐོ་བའམ་དབུལ་ཐར་གྱི་རྨང་གཞི་བརྟན་པོ་མིན་པའི་སྐོར་ཁག་ལ་རོགས་རམ་བྱེད་པའི་སྲིད་ཇུས་དངོས་འབེབ་བྱ་དགོས་པ་དང་། གང་ཐུབ་ཅི་ནུས་ཀྱིས་ཕན་བཟང་སྲིད་ཇུས་དེ་དངོས་མ་དངོས་ཐོག་གི་དངུལ་གཏོང་དང་ལས་གཞི་རུ་བསྒྱུར་དགོས།
    ཁྱིམ་གཅིག་ཇུས་གཅིག་དངོས་འབེབ་གནད་འཁེལ་བྱ་རྒྱུ། དཔྱད་འདེམ་དུ་མ་ཚུད་པའམ་དང་ནོར་འཁྲུལ་ཅན་གྱི་དབུལ་ཐར་གནད་དོན་ལ་དམིགས་ཏེ་ཁྱིམ་ནས་མི་སྒེར་ལ་ཐུག་པའི་རོགས་སྐྱོར་བྱེད་ཐབས་མུ་མཐུད་དུ་འཐུས་ཚང་གཏོང་བ་དང་། རོང་འབྲོག་ཁྱིམ་ཚང་གི་འདོད་མོས་དང་གནས་ཚུལ་གྱི་འགྱུར་ལྡོག་གཞིར་བཟུང་ནས་ཡོང་འབབ་འཕར་བའི་ལས་གཞི་དང་རོགས་སྐྱོར་སྲིད་ཇུས་གཞན་པའམ་བྱེད་ཐབས་ལ་འགུལ་རྣམ་སྙོམས་སྒྲིག་བྱས་ནས། རོགས་སྐྱོར་བྱེད་ཐབས་དེ་འགན་སྲུང་གསུམ་དང་སེམས་ཁྲལ་མེད་པ་གཉིས་ཀྱི་གནད་འགག་ཏུ་འབབ་པར་ཁག་ཐེག་བྱ་དགོས། ཐོན་ལས་རོགས་སྐྱོར་དང་བདེ་འཇགས་བཏུང་ཆུ། དབུལ་སྐྱོར་གནས་སྤོར། ལས་ཞུགས་གསོ་སྦྱོང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས་ཀྱི་ལས་གཞི་སོགས་དངོས་འབེབ་ཡོང་བར་བྱ་དགོས། སྡེ་སྡོད་རོགས་སྐྱོར་བྱ་བར་ཤུགས་བསྣན་ཏེ་སྔར་ལས་ལྷག་པར་དབུལ་ཕོངས་མང་ཚོགས་ཀྱི་སྲིད་ཇུས་ཤེས་ཚད་དང་འདོད་བློ་ཁེངས་ཚད་མཐོར་འདེགས་གཏོང་དགོས། དབུལ་ཐར་བྱུང་ཡང་སྲིད་ཇུས་ལས་མི་འདོར་བ་དང་དབུལ་ཕོངས་ཇེ་ཉུང་སོང་ཡང་སྟོབས་ཤུགས་ཉུང་འཕྲི་མི་བྱེད་པ་རྒྱུན་འཁྱོངས་བྱས་ནས 2013ལོའི་ལོ་མཇུག་གི་ཚགས་སྒྲིག་དབུལ་ཕོངས་མི་འབོར་གཞི་གྲངས་སུ་བཟུང་སྟེ། དབུལ་ཐར་འགག་སྒྲོལ་གྱི་དུས་རིམ་ནང་དབུལ་ཐར་བྱུང་བའི་མི་གྲངས་དང་དབུལ་ཐར་རྫོང་ཁག་གིས་མུ་མཐུད་དུ་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་བྱ་དགོས་པ་དང་དབུལ་ཐར་གྱི་གྲུབ་འབྲས་བརྟན་འཇགས་དང་གོང་མཐོར་གཏོང་དགོས།
    སྟོབས་ཤུགས་ཡོད་དགུས་ཐོན་ལས་དབུལ་ཐར་ལ་སྐུལ་འདེད་བྱ་རྒྱུ། ནོར་དང་ལུག སིལ་ཏོག་དང་སྔོ་ཚོད། སྨན་སྣ་སོགས་ཁྱད་ལྡན་ཐོན་ལས་བརྒྱད་ལ་རོགས་སྐུལ་བྱེད་པའི་གནད་འཁེལ་དབུལ་སྐྱོར་གྱི་ལོ་གསུམ་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་། སོན་བཟང་དང་རྟེན་གཞི། མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས་སོགས་གནད་འགག་རྒྱུ་རྐྱེན་རྣམས་གཅིག་གྱུར་འཆར་འགོད་བྱས་ནས་ལས་སྣོན་ཚོང་གཉེར་དང་འཁྱགས་འབྲེལ་དངོས་སྐྱེལ། ལག་རྩལ་མཛུབ་སྟོན། ཚོང་རྟགས་གསར་བསྐྲུན། ཉེན་ཁ་འགོག་སྡོམ་སོགས་གཞི་འདེགས་མ་ལག་འཐུས་ཚང་གཏོང་དགོས། ཚོང་རའི་མཛུབ་སྟོན་ལ་ཤུགས་སྣོན་བྱས་ཏེ་མངག་ཉོའི་འདེབས་གསོ་དང་ཐོན་བཙོང་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱ་དགོས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་བློ་བདེ་ངང་འདེབས་འཛུགས་དང་གསོ་སྤེལ། འཕེལ་རྒྱས་གཏོང་བར་བྱ་དགོས། ཞིང་སྡེ་ཡུལ་སྐོར་དམངས་ཕྱུག་ལས་གྲྭ་ལག་བསྟར་བྱས་ནས་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་སྡེ་བ 17འཛུགས་བསྐྲུན་བྱ་དགོས་པ་དང་ཡུལ་སྐོར་དབུལ་སྐྱོར་གནད་འགག་སྡེ་བའི་འཛུགས་བསྐྲུན་ལས་འགན་འགྲུབ་དགོས། ཤུགས་ཆེན་པོས་གློག་རྡུལ་ཚོང་དོན་དབུལ་སྐྱོར་དང་ཉི་གློག་དབུལ་སྐྱོར་སོགས་ཐོན་ལས་ཀྱི་ལས་རྣམ་གསར་བ་འཕེལ་རྒྱས་གཏོང་དགོས།།
     
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།