中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
དུས་ཚོད།2019-03-08 17:46:39     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 
      སྤྱི་ཟླ་3པའི་ཚེས་7ཉིན་གྱི་ཕྱི་དྲོ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་ཡོད།  གྲོས་ཚོགས་ཐོག་ཐང་ཞའོ་མིང་དང་།  ཝང་ཐའོ།  དབྱང་ཡན།  ཝང་ཀང་།  ལེའང་ཆན་ཅོན།  ཧྥུ་ཁང་ཉན།  དུང་ཚའེ་ཡུན། ཧྥན་ཕོང་སོགས་འཐུས་མི་བརྒྱད་ཀྱིས་སྔ་རྗེས་སུ་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་།  ཕན་འབྲས་ཆེན་པོས་ཐོན་ཁུངས་བེད་སྤྱོད་བྱེད་པ།  དམངས་གཉེར་ཚན་རྩལ་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར།  གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར།  རིག་གནས་ཚོང་རྟགས་ཤུགས་ཆེར་གཏོང་བ།  དབུལ་ཕོངས་ས་ཁུལ་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ།  ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་གླེང་ཡོད། 
    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ཀན་སུའུ་ཡི་ཉེ་བའི་ལོ་གཉིས་རིང་གི་ལས་དོན་ལ་གདེང་འཇོག་གནང་བ་དང་།  ཀན་སུའུ་ཡི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་བྱེད་པ་དང་།  བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་པ།  གོང་འཕེལ་གྱི་འདུ་ཤེས་གསར་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ།  འཕར་སྣོན་བརྟན་པོ་དང་།  སྒྱུར་བཅོས་ལ་སྐུལ་འདེད།  གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་པ་ཐོབ་པ།  ཉེན་ཁ་འགོག་པ།  བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ།  སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་།  དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་ཤུགས་ཆེར་གཏོང་བ།  ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ།  སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་མགྱོགས་སུ་གཏོང་བ།  མང་ཚོགས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཡོང་བའི་རྣམ་པ་གསར་བ་ཟམ་མི་ཆད་པ་གཏོད་དགོས་པའི་ཐུགས་རེ་གནང་།
      ཞི་ཅིན་ཕིང་གིས།  སྤྱི་ལོ་2020ལོའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བ་བྱེད་པར་ལོ་གཉིས་ལས་མེད་པས།  ཤུགས་སྣོན་ཧུར་ཐག་རྒྱག་པའི་དུས་ལ་སླེབས་པ་དང་།  ངེས་པར་དུ་རྒྱུན་བསྲིངས་ལྷོད་མེད་ངང་ལས་དོན་ཡག་པོ་བསྒྲུབས་ཏེ།  ཁྱོན་ཡོངས་ནས་རྒྱལ་ཁ་མ་ཐོབ་པར་མཚམས་འཇོག་གཏན་ནས་བྱེད་མི་རུང་།  སེམས་ཤུགས་བརྟན་པོར་གཡོ་འགུལ་སྤུ་ཙམ་ཡང་གཏོང་རྒྱུ་མེད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་གནས་བབ་ཧྲིལ་པོར་གཞིགས་ཏེ།  དབུལ་སྐྱོར་གསར་སྤེལ་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཁྱོན་ཡོངས་ནས་འགོ་བཙུགས་ཡོད།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་འགག་གཏོར་དམག་འཐབ་གསུམ་གྱི་ཡ་གྱལ་དུ་བརྩིས་ཡོད།  ལོ་དེ་དག་རིང་།  དབུལ་ཐར་མཁྲེགས་གཏོར་གྱི་ཤུགས་ཚད་ཆེ་བ་དང་གཞི་རྒྱ་ཆེ་བ།  ཤུགས་རྐྱེན་གཏིང་ཟབ་པ་བཅས་ནི་སྔར་བྱུང་མྱོང་མེད་པ་དང་།  ཐག་གཅོད་རང་བཞིན་གྱི་འཕེལ་རིམ་དུ་ཐོན་ཡོད།  གྲུབ་འབྲས་དེ་དག་ཐོབ་པ་ནི་དངོས་གནས་ལས་སླ་པོ་མ་ཡིན་པར་མིའི་རིགས་ཀྱི་དབུལ་ཕོངས་སེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་བ་བཏོད་ཡོད།  སླད་ཕྱིན་ལོ་གཉིས་ནང་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་།  ལྷག་མ་རྣམས་ནི་དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས་དང་དཀའ་ཚེགས་ཁྲོད་ཀྱི་དཀའ་ཚེགས་ཡིན་པས་དེ་དག་ཐག་གཅོད་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་སྲིད།  དབུལ་ཐར་མཁྲེགས་གཏོར་ཇི་ལྟར་འགག་རྩའི་དུས་ལ་སླེབས་ན་དེ་ལྟར་རྒྱལ་ཁ་ཐོབ་ཐུབ་ངེས་ཡིན་པའི་སེམས་ཤུགས་བརྟན་དུ་གཏོང་དགོས་པ་དང་།  དཔའ་ངར་ཆེར་བསྐྱེད་ཀྱི་ཆོད་སེམས་ཡོད་དགོས།  ཐབས་ཇུས་གཏན་འཁེལ་དང་།  དཀའ་ངལ་ལ་མི་འཛེམ་པ།  དམ་པ་དོན་གཉེར།  གནད་འཁེལ་ཇུས་འདོན་བཅས་བྱས་ཏེ།  དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། དམིགས་ཚད་བརྟན་པོ་བཟུང་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་ཤོར་བ་བྱེད་དགོས།

     དབུལ་ཐར་མཁྲེགས་གཏོར་གྱི་ཚད་གཞི་ནི།  དབུལ་ཕོངས་མི་འབོར་གྱི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་བརྟན་པོའི་ངང་མངོན་འགྱུར་ཡོང་བ་བྱ་རྒྱུ་སྟེ།  ཟས་གོས་ལ་སེམས་ཁྲལ་མེད་པ་དང་།  འོས་འགན་སློབ་གསོ་དང་།  གཞི་རྩའི་སྨན་བཅོས།  སྡོད་ཁང་བདེ་འཇགས་བཅས་འགན་ལེན་བྱ་རྒྱུ་དེ་ཡིན།  དབུལ་ཐར་ཚད་གཞིའི་ཐད།  དོན་དངོས་དང་ཁ་བྲལ་བ་དང་།  ཚད་གཞི་མཐོ་རུ་གཏོང་བ།  རེ་བ་ཆེན་པོ་སྤྲོད་པ་བཅས་བྱེད་མི་རུང་ལ།  དབུལ་ཐར་རྫུན་བཟོ་དང་ཚད་གཞི་དམའ་གཏོང་།  གྲུབ་འབྲས་ལ་ཤུགས་རྐྱེན་བཟོ་བ་བཅས་ཀྱང་བྱེད་མི་རུང་།  དབུལ་ཐར་མཁྲེགས་གཏོར་གྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་།  དམིགས་འབེན་མི་འགྱུར་བའི་འགན་ལེན་བྱེད་པ།  སྟོབས་ཤུགས་གཅིག་སྡུད་ངང་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱེད་པ།  དབུལ་ཕོངས་མིན་པའི་རྫོང་དང་གྲོང་ཚོའི་ནང་གི་དབུལ་ཕོངས་མི་འབོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  དབུལ་ཕོངས་རྫོང་དབུལ་ཕོངས་ནས་དོན་པའི་ཚད་གཞི་དང་གོ་རིམ་ལག་བསྟར་ནན་ཏན་བྱེད་པ་བཅས་བྱས་ཏེ།  དབུལ་ཐར་གྲུབ་འབྲས་ཀྱིས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱེད་པ་དང་།  གནད་དོན་བཅོས་སྒྲིག་ནན་པོ་བྱེད་དགོས།  དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཁྲོད་གནས་པའི་ཕྱི་ཚུལ་རིང་ལུགས་དང་།  དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད།  མང་ཚོགས་ཁྲོད་བསམ་འཆར་ཆེ་བའི་རྫུན་བཟོའི་རང་བཞིན་གྱི་དབུལ་ཐར་དང་།  རྩིས་རྒྱག་རང་བཞིན་གྱི་དབུལ་ཐར།  དམིགས་ཚད་རང་བཞིན་གྱི་དབུལ་ཐར།  སྐོར་སྐྱོད་རང་བཞིན་གྱི་དབུལ་ཐར་སོགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་དབུལ་ཐར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ།  དབུལ་ཕོངས་ངོ་མ་དབུལ་ཐར་ཐུབ་པ་དང་།  དབུལཐར་དངོས་ཐུབ་པ་བྱེད་དགོས་ཞེས་གསུངས་གནང་བ།
    ཞི་ཅིན་ཕིང་གིས།  གྲུབ་འབྲས་ཐོབ་གྲབས་ཡོད་སྐབས་དེ་བས་ནན་ཏན་བྱེད་དགོས་པ་དང་།  ཁེ་སྤོགས་འདོད་གདུང་དང་།  སྲིད་དོན་གྲུབ་འབྲས་རྫུན་བཟོ་བྱེད་རྒྱུ་མེད།  ད་ལྟ་ནས་དྲན་སྐུལ་བྱས་ཏེ།  གནས་ཚུལ་མ་ཐོན་གོང་ནས་སྔོན་འགོག་དང་།  གནས་ཚུལ་ཆུང་དུས་ནས་བཀག་འགོག་བྱེད་དགོས་ཞེས་བསྟན།
     ཞི་ཅིན་ཕིང་གིས།  འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྷོད་གཡེང་གཏོང་མི་རུང་།  དབུལ་ཐར་མཁྲེགས་གཏོར་ནི་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་དམག་འཐབ་ཅིག་ཡིན།  རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་བློ་ཐག་ཆོད་པོས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་།  གཙོ་གནད་ལ་དམ་འཛིན་དང་།  ཞན་ཆ་གསབ་པ།  ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་དགོས།  འགོ་ཁྲིད་སྒྲིག་གཞི་དང་ལས་དོན་སྒྲིག་གཞིར་ཤུགས་སྣོན་རྒྱག་པ་དང་།  དབུལ་སྐྱོར་ཆེན་པོའི་གནས་བབ་རྒྱུན་འཁྱོངས་བྱེད་པ།  གནད་འཁེལ་དབུལ་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱེད་པ།  དབུལ་སྐྱོར་དང་བློ་རིག་གི་རྒྱབ་སྐྱོར་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  དབུལ་ལོག་ཐེབས་པའི་མི་འབོར་དང་གསར་དུ་ཐོན་པའི་དབུལ་ཕོངས་མི་འབོར་ལ་རོགས་སྐྱོར་བྱེད་དགོས།  དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་རྗེས།  ལམ་སེང་ཕྱིར་འཐེན་བྱེད་པ་དང་།  ཁུར་པོ་དོར་བ།  མཚམས་འཇོག་བྱེད་པ་བཅས་བྱེད་མི་རུང་བར།  མུ་མཐུད་ནས་དབུལ་ཕོངས་མི་འབོར་ལྷག་མའི་དབུལ་ཐར་གནད་དོན་ཐག་གཅོད་བྱས་ཏེ།  དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་།  དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་དོར་བ།  དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མི་དོར་བ།  དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་མི་དོར་བ་བཅས་བྱེད་དགོས།  སྤྱོད་ཚུལ་ལེགས་སྒྱུར་བྱ་རྒྱུར་ལྷོད་གཡེང་གཏོང་རྒྱུ་མེད།  དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལེགས་གྲུབ་ཐུབ་མིན་གྱི་འགག་རྩ་ནི་མི་ཡིན་པ་དང་།  འགག་རྩ་ནི་ལས་བྱེད་དཔུང་ཁག་གི་སྤྱོད་ཚུལ་ལ་ཐུག་ཡོད།  ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་བླང་བྱ་དེ་དབུལ་ཐར་མཁྲེགས་གཏོར་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་།  སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།  དབུལ་སྐྱོར་ལས་དོན་དངོས་སྒྲུབ་དང་།  དབུལ་ཐར་བརྒྱུད་རིམ་ཏན་ཏིག  དབུལ་ཐར་གྲུབ་འབྲས་ངོ་མ་ཡིན་པ་བཅས་འགན་ལེན་བྱེད་དགོས།  དབུལ་ཐར་འགག་གཏོར་ཁྲོད་མངོན་པའི་ལས་བྱེད་པའི་སྤྱོད་ཚུལ་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་དང་།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ།  ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་སམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ།  དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  འཐབ་ས་དང་པོའི་དབུལ་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།  མཐར་ཞི་ཅིན་ཕིང་གིས་ཚང་མས་དཔའ་ངར་ཆེར་སྐྱེད་དང་།  སྤྲོ་སེམས་ཆེན་པོ།  ཧུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས།  དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་།  དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བའི་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།