中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༅༅།། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བར“རི་སྔོ་ཆུ་དྭངས”དང“གསེར་རི་དངུལ་རིའི”ཕན་འབྲས་མངོན་འགྱུར་བྱུང་བ།
དུས་ཚོད།2019-11-08 16:45:43     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
                --གསར་འགོད་པ་བཀྲ་ཤིས་ཚེ་རིང་། མཱ་ཡུན།
      རླངས་འཁོར་གྱི་འགྲུལ་བཞུད་ལ་བརྟེན་ནས་སྤྱི་ལེ་ཁྲི  4.5ལོངས་པའི་རི་སྔོ་ཆུ་དྭངས་ཀྱི་ཀན་ལྷོ་གཡང་ལྡན་ཕྱུག་མོར་བསྐྱོད་པ་ན།  རོང་འབྲོག་ས་ཁུལ་སོ་སོའི་རང་སའི་ཁྱད་ཆོས་ལྡན་པའི་ཁང་ཁྱིམ་དང་སྦྲ་གུར།  མ་ཎི་དར་ལྕོག མཆོད་རྟེན།  ཆུ་འཐག་བཅས་ཀྱིས་ཡུལ་དེའི་གྲོང་གསེབ་ནི་འཇིག་རྟེན་གྱི་མཛེས་སྡུག་གི་བཀོད་པ་གཅིག་ཏུ་བསྡུས་པའི་སྣུམ་ཚོན་རི་མོ་ཞིག་ཡིན་ནམ་སྙམ་པའི་སྣང་བ་སྟེར་བར་བྱེད་ཅིང་།  བོད་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒོ་ར་དང་ཁང་ཁྱིམ་རེ་རེ་དང་།  པ་ཏ྄འི་རི་མོ་འཐེན་པ་ལྟ་བུའི་དག་གཙང་གི་སྲ་འགྱུར་ལམ་བུ་རེ་རེ།   བཀོད་ལེགས་ཡིད་འོངས་ཀྱི་ཁམས་སེང་ཐང་ཆེན་རེ་རེས་ཀན་ལྷོ་བོད་ཁུལ་གྱི་མཛེས་སྡུག་ཁོར་ཡུག་དང་གོང་འཕེལ་གྱི་གསོན་ཤུགས་མངོན་པར་མཚོན་འདུག
    ཉེ་བའི་ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་གྲོང་སྡེ་གསར་བ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་གསར་གཏོད་དང་འཚོལ་སྙེག་བྱས་ནས། སྐྱེ་ཁམས་དཔལ་ཡོན་དང་འབྱོར་འབྲིང་འཛུགས་སྐྲུན་གཉིས་གནད་འགག་ཏུ་དམ་པོར་བཟུང་ཞིང་། སྐྱེ་ཁམས་དཔལ་ཡོན་དང་དབུལ་ཐར་མཁྲེགས་གཏོར། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་གཏན་འཇགས། གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ནས་སྡེ་བ་རེ་རེར“སྐྱེ་ཁམས་འཁོར་ཡུག་དང་སྐྱེ་ཁམས་གཞིས་སྡོད། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་རིག་གནས”བཅས་ལས་གཞི་ཆེན་པོ་བཞི་ལག་བསྟར་བྱས་པས། རོང་འབྲོག་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁྱོན་ཡོངས་ནས་ཁ་གསབ་བྱུང་སྟེ། གྲོང་གསེབ་ཀྱི་ཕྱིའི་ཁོ་ར་ཁོར་ཡུག་ལྷ་ཡི་འདུ་གནས་དང་འདྲ་ཞིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་གྱི་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་འདུག
    ལོ་དུ་མའི་གོང་རོལ་ཏུ། ཀླུ་ཆུ་རྫོང་མཚོ་ཉིན་ཤང་ཀ་ཤུལ་སྡེ་བ་ནི་གད་སྙིགས་གང་སར་དོར་བ་དང་བཙོག་ཆུ་གང་སར་བཞུར་བ། འབུ་སྦྲང་གང་སར་འཕུར་བ་ཞིག་ཏུ་འདུག་མོད། ད་ལྟའི་ཀ་ཤུལ་སྡེ་བའི་ཁོར་ཡུག་ནི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་ཞིག་ཏུ་སྣང་། ཁོར་ཡུག་ལ་ལེགས་བཅོས་བྱུང་བ་དང་བསྟུན་ནས་ཀ་ཤུལ་སྡེ་བའི་ཡུལ་སྐོར་མི་གྲངས་དང་སྣ་འཛོམས་ཡོང་སྒོ་བསྟུད་མར་ལོ་རེ་བཞིན་གོང་འཕེལ་ཕྱིན། 2019ལོར། ཀ་ཤུལ་སྡེ་བའི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི 40ལ་ཉེ་བར་བསླེབས་ཏེ། མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར 9192ལ་བསླེབས་ཤིང་། སྡེ་བ་ཡོངས 2018ལོར་དབུལ་ཐར་བྱུང་བ་དང་། འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ལ་ལའི་ལོ་རེའི་ཡོང་སྒོ་སྒོར་ཁྲི 13ལ་བསླེབས།
    “མཛེས་ལྗོངས་ཡག་ནའང་འཚོ་བ་ཐབས་སྡུག་རོལ”ཞེས་པ་དེས་ཅོ་ནེ་རྫོང་མ་རུ་གྲོང་རྡལ་དཔའ་ཡུལ་སྡེ་བའི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཚོན་ཡོད། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལས་གཞི་དཔའ་ཡུལ་སྡེ་བར་དོན་འཁྱོལ་བྱས་ནས་གྲོང་ཚོ་དེར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསུས་པ་རེད། ན་ནིང་གི་ལོ་མཇུག་བར་སྡེ་བ་ཡོངས་སུ་ཞིང(བོད)ཁྱིམ་སྤྲོ་སྐྱིད་ཁང 13ཡོད་པ་དང་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི 9རེ་ཡོད་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ 2014ལོའི་ཁྱིམ་ཚང 70ཡི་མི 317ནས་ཁྱིམ་ཚང 2དང་མི 9བར་མར་ཆག་པ་རེད།
    ཆབ་མ་སྡེ་བ་དེ་འབྲུག་ཆུ་རྫོང་ཆུ་བར་ཤང་གི་བྱང་ཤར་རྒྱུད་དུ་གནས་པ་དང་། སྡེ་བར་ཁྱིམ་ཚང 87དང་མི 334ཡོད་པ་དང་། 2016ལོར་ཆུ་བར་ཤང་ཆབ་མ་སྡེ་བ་དེ་འབྲུག་ཆུ་རྫོང་གི་ཁག་གཉིས་པའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལས་གཞིའི་གྲས་སུ་བཅུག་པ་རེད། ས་གནས་དེ་གའི་མང་ཚོགས་ཀྱིས་རང་ས་ནས་རྒྱུ་ཆ་འཚོལ་བའི་རྡོ་ཡི་རྩིག་བཟོ་ལ་མཁས་སྟབས། ཁོ་ཚོས་རྩིག་བཟོའི་སྒྱུ་རྩལ་ལ་བརྟེན་ནས་ས་གནས་དེ་གའི་ཞིང་རྨོ་བའི་རིག་གནས་དང་དམངས་སྲོལ་རིག་གནས་ཇི་མ་ཇི་བཞིན་དུ་མཚོན་པ་དང་། སྐྱེ་ཁམས་དཔལ་འབྱོར་སྐྱེད་སྲིང་བྱེད་པའི་ཐད་ཀླུ་རི་སྡེ་བར“ཕོ་སུལ་ཤ་མོང་འདེབས་འཛུགས་དཔེ་སྟོན་རྟེན་གཞི”ཁྱོན་ཡོངས་ནས་བཏོད་པ་དང་། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”དང“ཆང་སྙལ་བཟོ་ཁང”གཙོ་གནད་དུ་སྐྱེད་སྲིང་བྱས་པ་དང་འབྲེལ“ཆ་ཡིག་རིག་གནས་ཡུལ་སྐོར་སྡེ་བ”སོགས་དམངས་ཕྱུག་ཐོན་ལས་བཏོད་ཡོད།
    སྡེ་བའི་རྣམ་པ་མཛེས་ཤིང་ཡུལ་སྐོར་བ་མང་དུ་ཕྱིན་པ། ཁོར་ཡུག་གཙང་དུ་གྱུར་པ། ཡུལ་སྐོར་ལས་རིགས་མང་དུ་ཕྱིན་པ། ལས་ཞུགས་ལས་གནས་མང་དུ་གྱུར་པ་བཅས་ཀྱིས་མང་ཚོགས་རྣམས་ཕྱུག་ར་ནས་ཚོང་རར་བསྐྱོད་པ་དང་ནོར་ལུག་འཚོ་བ་ནས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་བསྐྱོད་པ། ཁྱིམ་བདག་བུད་མེད་ཚོས་ཁྱིམ་ལས་བྱེད་པ་ནས་རྩྭ་ཐང་ཐོག་བོད་ཟས་ཟ་ཁང་བཙུགས་པ། མང་ཚོགས་མང་པོ་ཞིག་གིས་ཕྱུགས་རིགས་བཙོངས་ནས་ཆེད་གཉེར་ཡུལ་སྐོར་ཞབས་ཞུའི་ལས་རིགས་སྤེལ་ཏེ། རྩྭ་སར་སླར་གསོ་ཐུབ་པས་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ“རི་སྔོ་ཆུ་དྭངས”དང“གསེར་རི་དངུལ་རི”གཉིས་ལ་ཕན་འབྲས་ལེགས་པོ་བྱུང་།
    ཀླུ་ཆུ་རྫོང་ཟམ་ཚ་ཤང་ལོ་ཚོ་སྡེ་བ་དང་། ལོ་བརྒྱའི་བོད་སྡེ་ཅོ་ནེ་རྫོང་ཉིན་པ་སྡེ་བ་སྟེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོང་འབྲོག་སྡེ་བ་གཉིས་ད་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་གོམ་སྟབས་བསྒྱུར་སའི་ཡུལ་སྐོར་ལྗོངས་གནས་ཤིག་ཏུ་གྱུར་ནས་གཟའ་མཇུག་ཏུ་ཡུལ་སྐོར་བ་མང་བོ་ཞིག་གིས་རླངས་འཁོར་བསྐོར་ནས་ལྟ་སྐོར་དུ་ཡོང་གིན་འདུག་ཅིང་། མི་མི་ཉུང་བ་ཞིག་གིས་ད་དུང་སྡེ་བའི་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ཞག་སྡོད་བྱ་རྒྱུ་གདམ་ག་བྱེད་ཀྱིན་ཡོད་པས། རོང་འབྲོག་པའི་ཡོང་སྒོ་ཉིན་བཞིན་གོང་འཕེལ་དུ་འགྲོ་བཞིན་འདུག
    མིག་སྔར། ཀན་ལྷོ་ཁུལ་དུ་གསར་བརྗེའི་ཡུལ་སྐོར་རྣམ་པ་དང་། སྐྱེ་ཁམས་ཉམས་ལེན་རྣམ་པ། དམངས་སྲོལ་རིག་གནས་རྣམ་པ། ཁྱད་ལྡན་ཐོན་ལས་རྣམ་པ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་དང་ཉམས་འགྱུར་མངོན་པར་གསལ་བའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ 1303བསྐྲུན་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར 126བཏང་ནས་རོང་འབྲོག་མང་ཚོགས་ཁྲི 39(ཁྱིམ་ཚང་དབུལ་བོ་ཁྲི 8.49)ཕ་ཡུལ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་ཐོན་ལས་འཕེལ་རྒྱས་ནང་རང་འགུལ་ངང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་མང་ཚོགས་ཀྱི་བསམ་བློའི་ཐོག་གི“སྒུག་རྟེན་སློང་གསུམ”ནས་བྱ་སྤྱོད་ཐོག་རང་ངོས་འཕེལ་རྒྱས་དང་། རང་ངོས་མཐོར་འདེགས། རང་ངོས་ཡར་ཐོན་བཅས་བྱུང་ཡོད།
    ཀན་ལྷོའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དེ་བོད་རིགས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་བ་དང་། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་བོད་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར“ཀན་ལྷོའི་ཇུས་གཞི”དང“བོད་ཁུལ་གྱི་མ་དཔེ”ཡི་ནུས་པ་མཁོ་འདོན་བྱས་ཡོད། ཀྲུང་དབྱང་བརྙན་འཕྲིན་ཁང་གི 《གནད་སའི་བཅར་གླེང》ལེ་ཚན་དང་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ཆེ་གྲས་ཁག་གིས་ཀན་ལྷོའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ཐད་དྲིལ་བསྒྲགས་དང་འཕྲིན་སྤེལ་རྒྱ་ཁྱབ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ནང་ལོགས་ཀྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་དང་ཉེ་འཁོར་གྱི་རང་སྐྱོང་ལྗོངས་ཀན་ལྷོར་རྟོག་ཞིབ་དང་སློབ་སྦྱོང་དུ་ཡོང་མཁན་མང་ནས་མང་དུ་ཕྱིན་ནོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།