中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་ཀླུ་ཆུར་བསྐྱོད་པ།
དུས་ཚོད།2020-04-29 10:43:36     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   \
    ཉེ་ཆར། བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས་ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་དང་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཨ་ནུ་སྐལ་བཟང་བཀྲ་ཤིས་གཉིས་ཀྱི་སྣེ་ཁྲིད་འོག་ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་ཀླུ་ཆུ་རྫོང་དུ་སོང་ནས་ལྷ་རིས་པ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། ཀླུ་ཆུའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་བཅས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།
\\
ལྷ་རིས་པ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ནི་སྤྱི་ལོ1963ལོར་ཀླུ་ཆུ་རྫོང་ཟམ་ཚ་ཤང་ཆོས་འཁོར་སྡེ་བར་སྐྱེས་ཤིང་།1982ལོར་ཤིས་ཚང་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔས་བསྡུས་པའི་མདོ་རྒྱུད་རིག་གནས་ཀུན་ལ་གསན་བསམ་ལྷོད་མེད་གནང་། 1984ལོ་ནས་1988ལོའི་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་སྨད་སོག་བཛྲ་ཚང་དང་། སྨྱུག་འཛིན་དབང་བོ་སོག་པོའི་དཀོན་མཆོག་ཚང་། ཨ་ཁུ་ཐབས་མཁས་ཚང་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། ལཉྪ། ཝརྟུ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཕྱག་རྒྱུན་ལྟར་གྱི་བོད་ཀྱི་ཡི་གེ་དབུ་ཅན། ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་སློབ་གྲྭ་ཚུགས་སྐབས་མདོ་སྨད་དུ་ཕྱག་རྒྱུན་བྱུང་བ་དགའ་ལྡན་ཡིག་གསར་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད།  ད་ལྟར་ཤིས་ཚང་དགོན་པ་ན་ལྷག་བསམ་རྣམ་དག་གིས་དགོན་པའི་བྱ་བ་གང་ཐད་ནས་གང་ནུས་ཀྱིས་འབད་འབུངས་བྱེད་ཅིང་། ཞོར་དུ་དགོན་པ་དེ་ཉིད་ཀྱི་སློབ་བུ་དུ་མའི་རྒྱུད་ལ་ཤེས་རིག་ཡོན་ཏན་གྱི་བདུད་རྩི་ཕངས་མེད་སྩོལ་བཞིན་རིན་ཐང་གཞལ་དུ་མེད་པའི་ལྷ་རིས་སྒྱུ་རྩལ་གྱི་ཕྱག་བྲིས་དང་ཡིག་གཟུགས་དཀར་ནག་གི་མ་ཕྱི་སོགས་གཞན་དོན་སྤྱི་ཕན་གྱི་མཛད་བཟང་ལེགས་པར་བསྐྱངས་དང་སྐྱོང་བཞིན་འདུག
\
   བོད་ཀྱི་ཡིག་གཟུགས་དྲ་བ་ནི་དྲ་ཚུགས་འགན་འཁུར་པ་རྟ་མགྲིན་མགོན་པོ་གཙོ་བྱས་པའི་བོད་ཀྱི་ཤེས་ཡོན་པ་སྐོར་ཞིག་གིས་དཀའ་སྡུག་གི་བརྒྱུད་རིམ་ངེས་ཅན་བརྒྱུད་ནས2014ལོར་རྒྱལ་སྤྱིའི་མུ་འབྲེལ་དྲ་ལམ་ནས་གསར་དུ་བཙུགས་པའི་ཆེས་ཐོག་མའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དྲ་ཚིགས་ཤིག་ཡིན། དྲ་ཚིགས་ཀྱི་དམིགས་ཡུལ་ནི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན་ལ།   ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་བོད་གྱི་ཡིག་གཟུགས་ཆེད་མཁས་དང་། ཡིག་གཟུགས་ལ་དུངས་ཞེན་ཟབ་ཅིང་སྦྱངས་འབྲས་སྨིན་བཞིན་པའི་གསར་སྐྱེས་སྨྱུག་ཐོག་པའམ།   ཡང་ན་བོད་ཀྱི་ཡིག་གཟུགས་ལ་སྤྲོ་སྣང་ལྡན་པའི་ལས་དང་པོ་བ་རྣམས་ལ་ཐུན་མོང་དུ་དབང་པའི་གར་སྟེགས་ཤིག་བསྐྲུན་རྒྱུ་དེ་ཡིན་པ་མ་ཟད།   ལྗོངས་ཞིང་ལྔ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་ཡིག་གཟུགས་ཆེད་མཁས་རྣམ་པས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྒོ་ནས་ཡིག་གཟུགས་དཔེ་ཁྲིད་དང་འགྲེམ་སྟོན།   ཡིག་གཟུགས་བརྩམས་ཆོས་དཔྱད་བསྡུར་དང་འགྲེམ་འཚོང་སོགས་གཞི་གཅིག་དུ་བསྡུས་པའི་དྲ་བ་ཞིག་ལེགས་བསྒྲུབ་བྱས་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་བའི་ལས་ཀ་གཉེར་རྒྱུ་དེ་ཡིན།
   ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་རང་ཉིད་ཀྱི་འགན་འཁྲི་དང་དུ་བླངས་ཏེ་ཏང་གི་སྲིད་ཇུས་བཟང་བོའི་འོད་ཟེར་ལ་བརྟེན་ནས་བོད་ཀྱི་ཡིག་གཟུགས་དར་སྤེལ་གཏོང་བར་བྱ་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད།ཀན་ལྷོའི་བོད་ཀྱི་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་དང་ཁུལ་དང་རྫོང་གི་ཡིག་ཆས་སྤྱི་གཉེར་ཁང་དང་འབྲེལ་བ་དམ་ཟབ་ཀྱིས་གཞི་རིམ་ནས་རྐང་ཚུགས་ནས་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ནས།རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་དགའ་འོས་པའི་གྲུབ་འབྲས་ཐོན་ཞིང་རྒྱ་ཆེའི་མང་ཚོགས་ལ་མིག་གི་དཔྱིད་དུ་སྨིན་པའི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་མཁོ་འདོན་བྱས།
     ཉིན་དེར་རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་ཁག་ཅིག་ལྷན་དུ་འཛོམས་ནས་ཁོང་ཚོས་བོད་ཀྱི་ཡིག་གཟུགས་དང་ཡིག་མཁན་མཐུན་ཚོགས་ཀྱི་བྱ་བའི་ཐད་ནས་ཉམས་མྱོང་དང་བསམ་འཆར་བརྗེ་རེས་གང་ལེགས་བྱས་པ་དང་།དེང་ཕྱིན་གྱི་བྱ་བའི་ཁྲོད་དུ་སྔར་ལས་ལྷག་པར་ཏང་གི་མི་རིགས་རིག་གནས་སྲིད་ཇུས་རྒྱུན་འཁྱོངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུས་ནས་རིག་གནས་ཀྱི་ཡིད་ཆེས་བརྟན་པོ་བྱེད་པར་གཅིག་མཐུན་དུ་འབད་པ་བྱ་རྒྱུའི་རེ་བ་བསྟན།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།