中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བསང་ཆུ་རྫོང་གིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
དུས་ཚོད།2020-10-15 09:23:14     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་ཤས་འགར། བསང་ཆུ་རྫོང་གིས་ཏང་དང་རྒྱལ་ཁབ་ཀྱི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། བསང་ཆུའི་སྟོད་རྒྱུད་ཀྱི་རྫོང་མཁར་དུམ་མཚམས་ཀྱི་ཡུར་བུ 6ཏུ་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་དང་། རྫོང་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དོ་དམ་མ་ལག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། རྫོང་ཁོངས་ཀྱི་ཆུ་ལམ་དུ“གང་བྱུང་དུ་གཞི་འདིང་བ་དང་འཛུགས་སྐྲུན་བྱེད་པ། དངོས་པོ་སྤུངས་པ་དང་འཇོག་པ”སོགས་ཀྱི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱས་ནས། རྫོང་ཁོངས་ཀྱི་ཆུ་ཤུགས་གཏན་འཇགས་དང་ཆུ་བོ་དང་མཚོ་སྲུང་སྐྱོང་བྱས་ཏེ། ཆུ་དྭངས་ངོགས་ལྗང་དང་ཆུ་ལམ་ཤར་གཏོང་གི་དམིགས་ཚད་མངོན་འགྱུར་བྱུང་།
   བསང་ཆུ་རྫོང་གི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མངའ་ཁོངས་སུ་ཆུ་རྒྱུན་ཆེན་པོ་གཉིས་ཡོད་པ་དང་ཆུ་ཁུངས་མོད་ལ། ཆུ་སྤུས་ལེགས་པ། ས་ངོས་ཀྱི་ཆུ་ནི་རྨ་ཆུའི་བཞུར་རྒྱུན་གྱི་བསང་ཆུ་དང་ཀླུ་ཆུ་གཉིས་ཀྱི་ཆུ་རྒྱུན་ལ་གཏོགས། བསང་ཆུ་ནི་རྨ་ཆུའི་རིམ་པོ་དང་པོའི་ཆུ་ལག་ཡིན་པ་དང་། བསང་ཆུའི་གཞུང་ཆུ་ནི་བསང་ཁོག་ནས་ཧོར་གཙང་ཤིང་སྒོའི་ཆུ་རྒྱུན་བར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ 85.3ཡོད། རྩྭ་ཐང་ནི་བསང་ཆུ་རྫོང་གི་རང་བྱུང་ཐོན་ཁུངས་གཙོ་བོ་དང་ལེགས་ཆ་ལྡན་པའི་ཐོན་ཁུངས་ཡིན་པ་དང་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་རྩྭ་ཐང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩྭ་གསོ་འཁྱོངས་ཁུལ་དང་ཆུ་ཁུངས་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན།
   རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་འབོད་ཚིག་ཁོ་ན་ཙམ་མིན་ལ་སྟོང་བཤད་ཅིག་དེ་བས་ཀྱང་མིན། བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་རྟེའུ་ཚང་སྲིད་འཛིན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡིས“རྫོང་དང་ཤང་། སྡེ་བ་བཅས་རིམ་པ་སོ་སོས་ཆུ་འགོའི་སྲུང་སྐྱོང་ལ་མཐོང་ཆེན་ཆེན་པོ་བྱེད་ཀྱིན་ཡོད། རྩྭ་ཕྱུགས་དོ་མཉམ་ཐད་ང་ཚོས་མིས་བཟོས་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་ཤུགས་ཆེ་རུ་བཏང་བ་དེས་རྩྭ་ཐང་བྱེ་ཐང་དུ་འགྱུར་བ་སྔོན་འགོག་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད”ཅེས་གསར་འགོད་པར་བཤད།
   2016ལོ་ནས་བཟུང་། བསང་ཆུ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི 568གྲབས་གསོག་བྱས་ཏེ་ནོར་ལུག་བཤས་ཁོངས་སུ་གཏོང་ཚད་ཇེ་མགྱོགས་སུ་བཏང་བར་བརྟེན། རྩྭ་རར་ཕྱུགས་རིགས་ཤོང་ཚད་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་། མ་དངུལ་སྒོར་ཁྲི 8659བཏང་ནས། ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོ། སྐྱེ་ཁམས་ར་བསྐོར་དང་དེ་མིན་ལྗང་མདོག་ཁྱམས་རིང་འཛུགས་སྐྲུན། བསང་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་། 2015ལོར་ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་སྐྲུན་པའི་བྱ་བ་སྤེལ་བ་ནས་བཟུང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར 1.61བཏང་ནས་གཞི་རིམ་གྱི་གད་སྙིགས་བསྡུ་རུབ་དང་གཙང་སེལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། གཙང་སྦྲ་བྱེད་མཁན་དང་ནགས་སྲུང་མཁན་སོགས་སྤྱི་ཕན་ལས་གནས་གསར་སྤེལ་བྱས། གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་། ལྗང་མདོག་སྤུས་རྟགས་སྔར་བས་སྲ་བརྟན་དུ་བཏང་། ཡུལ་སྐོར་བས་གདེང་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཁེ་བྱུང་བ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས། “སྐྱེ་ཁམས་ལེགས་པ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག  ཁོར་ཡུག་མཛེས་པ། དོ་དམ་དམངས་གཙོ། འཆམ་མཐུན་གཏན་འཇགས”བཅས་ཀྱི་སྤྱིའི་བླང་བྱ་ལྟར། མ་དངུལ་སྒོར་དུང་ཕྱུར 14.66བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 241བསྐྲུན།
   རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་གལ་ཆེན་ཞིག་ཡིན་པའི་ཆ་ནས། ད་ལྟའི་བསང་ཆུ་འདི་ཉིད་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་གསོན་ཉམས་ལྡན་པའི་ངང་ལག་ལེན་བྱེད་བཞིན་ཡོད།།
རྩོམ་སྒྲིག་པ། བསོད་ནམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།