中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གཙག་དྲུབ་རྩལ་ལ་མཁས་པའི་མཛངས་མ་ཡིས།། ཞིང་སྡེའི་བུད་མེད་འབྱོར་འབྲིང་ལམ་དུ་ཁྲིད།།
དུས་ཚོད།2020-10-15 09:44:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\
   མ་རུ་གྲོང་རྡལ་ཡེ་ཨེར་སྡེ་བའི་ཅོ་ནེ་རིག་གནས་ཚོང་ལས་སྲང་ལམ་གྱི་གཙག་དྲུབ་ཁང་ཞིག་ཏུ་སོང་བ་ན། གཙག་དྲུབ་མཁན་ཉིང་ཅུས་དབྱིན་གྱིས་མགོ་བོ་སྒུར་ནས་ལག་གི་ལས་ཀར་བྲེལ་བཞིན་ཡོད་པ་དང་། ཁབ་སྐུད་ཕར་འབྲེལ་ཚུར་མཐུད་ཀྱི་ལས་ཀར་ཤིན་ཏུ་བྱང་ཆ་ལྡན། བྱ་བྱེད་ཁང་དུ་དྲི་ཞིམ་ཁུག་མ་དང་སྔས་མགོ་མེ་ཏོག་མ། གཙག་དྲུབ་ལྷམ་སོགས་གཙག་དྲུབ་རིགས་སྣ་ཚོགས་ཡོད། དེ་ལས་ཀྱང་མིག་དབང་འཕྲོག་པ་ནི་མི་རིགས་ཀྱི་གྱོན་ཆས་སྤུས་ལེགས་འགའ་ཡོད་པ་དེ་ཡིན་ལ། ཚོན་མདོག་རྣམ་པར་བཀྲ་ཞིང་བཟོ་རྩལ་ཤིན་ཏུ་ལེགས། ཁོ་མོས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་རང་ཉིད་ཀྱིས་ཁབ་སྐུད་རེ་རེ་བཞིན་ལག་བཟོ་བྱས་པའི“ཅོ་ནེ་མའི”མི་རིགས་ཀྱི་རྒྱན་གོས་ཡིན་ཞིང་། ཐུ་བ་དང་སྨད་གཡོགས། ལྷམ་ངོས་བཅས་ཀྱི་མེ་ཏོག་གཙག་དྲུབ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་ཅོ་ནེའི་གཙག་དྲུབ་ཡིན་ལ། ཁོ་མོ་ནི་ཅོ་ནེ་རྫོང་གི་གཙག་དྲུབ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་རེད།
   ཅོ་ནེའི་གཙག་དྲུབ་ནི་ཀླུ་ཆུའི་ངོགས་གཉིས་ཀྱི་ལིན་ཐན་དང་ཅོ་ནེ། རྨིན་རྫོང་སོགས་སུ་ཁྱབ་ཅིང་། དེ་ནི་ས་གནས་དེ་གའི་བུ་མོ་ཚོས་ཆུང་དུས་ནས་སློབ་སྦྱོང་བྱ་དགོས་པའི་གཙག་དྲུབ་ལག་རྩལ་ཞིག་རེད། ཉིང་ཅུས་དབྱིན་འཚོ་བ་རོལ་སའི་སྡེ་བའི་ནང་དུ་མེ་ཏོག་གི་གཙག་དྲུབ་མཁས་ཅན་དཀོན་མྱོང་མེད། དཀོན་པ་ནི་ལག་རྩལ་འདི་ལ་བརྟེན་ནས་དཔལ་འབྱོར་གྱི་ཕན་ཁེ་ལེན་བླངས་ཏེ་འཚོ་བ་ལེགས་བཅོས་བྱེད་པའི་བློ་གྲོས་ཡིན། དྲན་ཤེས་ཁྲོད་ཨ་མ་ནི་ས་གནས་དེ་གའི་མིང་དུ་གྲགས་པའི་གཙག་དྲུབ་ལག་རྩལ་མཁས་པ་ཞིག་ཡིན། དྲས་གཏུབ་དང་རི་མོ་འབྲི་བ། མེ་ཏོག་གཙག་དྲུབ་སོགས་ལ་མི་མཁས་ས་གཅིག་ཀྱང་མེད། སྲོལ་རྒྱུན་གྱི་ལག་རྩལ་དང་ཕ་མེས་ཀྱི་བདེ་ལྕག་འཁྱུག་པོའི་ལག་ཟུང་དེ་ཁོ་མོ་གཙག་དྲུབ་ལག་རྩལ་ལ་དགའ་བའི་ཐོག་མའི་མྱུ་གུ་འབུས་ས་རུ་གྱུར། དམའ་འབྲིང་མཐར་ཕྱིན་རྗེས། ཉིང་ཅུས་དབྱིན་ཨ་མའི་རྗེས་སུ་འབྲངས་ནས་གཙག་དྲུབ་སྦྱངས་པ་དང་། གཙག་དྲུབ་ཀྱི་ལས་ཀར་སེམས་གཏིང་ནས་དགའ་བས། ཁོ་མོས་མྱུར་དུ་ཐབས་རྩལ་ཁོང་དུ་ཆུད་ཅིང་། ཁོ་མོའི་ལག་ནས་ཐོན་པའི་བརྩམས་ཆོས་ཚང་མ་གསོན་ཉམས་ལྡན།
   སྟེས་དབང་གི་གོ་སྐབས་ཤིག་གིས་ཉིང་ཅུས་དབྱིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི“ཀན་སུའུ་ལག་བདེ་མ”ཞེས་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་པ་བྱུང་། ཏག་ཏག་གསོ་སྦྱོང་འཛིན་གྲྭ་དེས་ཁོ་མོར་ཕྱུག་འགྱུར་གྱི་བློ་སྒོ་ཕྱེས་པ་དང་། མོ་ལ་གཙག་དྲུབ་ཐོན་རྫས་སུ་བཟོ་བའི་བསམ་བློ་སྐྱེས་ཞིང་། དེ་ནས་བཟུང“ཁབ”ཀྱིས་ཕྱུག་འགྱུར་གྱི་ཕུགས་འདུན་འཚོལ་ཞིབ་བྱེད་པའི་ལམ་དུ་བསྐྱོད།
   གཙག་དྲུབ་སྒྱུ་རྩལ་གྱི་དཀའ་སྡུག་གིས་མི་མང་པོ་ཞིག་སྐྲག་ཏུ་བཅུག་ན་ཡང་། ཉིང་ཅུས་དབྱིན་ལ་མཚོན་ན། དཀའ་སྡུག་དང་བཀག་རྒྱ་དེ་དག་ནི་ཁོ་མོས་ཕུགས་འདུན་དོན་གཉེར་བྱེད་པའི་སྟོབས་ཤུགས་སུ་གྱུར་པ་དང་། འདི་ལྟ་བུའི་སྦྱོང་བརྡར་གྱིས་ཁོ་མོ་དང་གཙག་དྲུབ་ཀྱི་ངོ་བོ་བསྒྱུར་ནས། ཁོ་མོར་གཙག་དྲུབ་ཀྱི་ལམ་དུ་བསྐྱོད་དགོས་པ་མ་ཟད། རང་ཉིད་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལམ་དུ་དེ་བས་ཀྱང་བསྐྱོད་དགོས་པའི་ངེས་ཤེས་བརྟན་པོ་སྐྱེས། 2017ལོར། ཉིང་ཅུས་དབྱིན་གྱིས་ཐོ་འགོད་བྱས་ནས“ཅོ་ནེ་རྫོང་བདེ་ཆེན་ལག་བདེ་དམངས་སྲོལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཉོ་ཚོང་ཀུང་སི”བཙུགས་པ་དང་། ལག་ཤེས་རྐྱང་བའི་ཁྱད་ལྡན་མི་རིགས་ཀྱི་མཁོ་ཆས་གཙོ་གཉེར་བྱེད་པའི་དུས་མཚུངས་སུ་ཡུལ་སྐོར་དྲན་རྟེན་དངོས་པོ་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་བྱེད་བཞིན་ཡོད། ཀུང་སིས“སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིད་སྟོན་བྱེད་པ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ། ཁྱིམ་ཚང་དབྱེ་ནས་ལས་སྣོན་བྱེད་པ”བཅས་ཀྱི་རྣམ་པ་བརྒྱུད་དེ། སྤུས་ལེགས་ཀྱི་གཙག་དྲུབ་ལ་བརྟེན་ནས། ས་གནས་དེ་གའི་བུད་མེད་རྣམས་མཁས་ཤོས་དང་དགའ་ཤོས་ཀྱི་ཁབ་སྐུད་ལས་ཀས་དཔལ་འབྱོར་གྱི་རིན་ཐང་བསྐྲུན་པ་མ་ཟད། བུད་མེད་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་།
   གཅིག་གིས་བཅུ་ལ་བརྒྱུད་སྤྲོད་དང་བཅུ་ཡིས་བརྒྱ་ལ་བརྒྱུད་སྤྲོད་བྱས་པ་བརྒྱུད་དེ། གཙག་དྲུབ་བྱེད་པའི་ཞིང་སྡེའི་བུད་མེད་ཇེ་མང་ནས་ཇེ་མང་དུ་སོང་། དུས་རྒྱུན་དུ། ཉིང་ཅུས་དབྱིན་ཚང་གི་སྒོ་ནམ་ཡང་ཕྱེ་ཡོད་ཅིང་། ཞིང་ལས་བྱེད་ཚར་བའི་ཆུང་མ་དང་ཚ་བོ་ཚ་མོ་ཁྲིད་པའི་རྒད་མོ་དག་དེ་གར་འཛོམས་ནས། བཤད་ཞོར་དགོད་ཞོར་དུ་ཁབ་སྐུད་སྐར་མདའ་འཁྱུག་འཁྱུག་བྱེད་བཞིན་འཚོ་བ་ཉིན་བཞིན་ཇེ་བཟང་དུ་སོང་། ཕྱིས་སུ་ཀུང་སིའི་ཐོན་སྐྱེད་གཞི་ཁྱོན་རིམ་བཞིན་རྒྱ་བསྐྱེད་ཅིང་། བུད་མེད་དང་ལས་ཐོག་ལག་རྩལ་པ་དེ་བས་མང་བའི་ཡིད་དབང་བཀུག་སྟེ་ཞུགས་པས། གཙག་དྲུབ་ལག་རྩལ་རྒྱུན་འཛིན་ཐུབ་པ་མ་ཟད། མཐའ་འཁོར་གྱི་བུད་མེད་ཕྱུག་འགྱུར་ཡོང་བར་ཡང་སྐུལ་ཁྲིད་བྱས། ཁོ་མོའི་གསོ་སྐྱོང་དང་སྐུལ་ཁྲིད་འོག ཅོ་ནེའི་གཙག་དྲུབ་དེ་སྔོན་ཆད་ཀྱི་ཁྱད་ཆོས་གཅིག་རྐྱང་གི་གཙག་དྲུབ་ནས་ས་གནས་རང་བཞིན་གྱི་རིག་གནས་སྤུས་རྟགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོགས་པ་ཤིག་རིམ་བཞིན་ཆགས་པ་དང་། སྤྱི་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བ་དང་རིམ་སྤར་བྱེད་པར་སྐུལ་ཁྲིད་བྱས།
   བུད་མེད་རྣམས་ཀྱིས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འཚོ་བའི་གནས་ཚུལ་བསྒྱུར་བ་མཐོང་རྗེས། ཅོ་ནེའི་ཐོན་རྫས་ལས་སྣོན་ལས་རིགས་སུ་ཞུགས་པའི་མི་ཇེ་མང་ནས་ཇེ་མང་དུ་སོང་བ་དེས་ཉིང་ཅུས་དབྱིན་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་རྒྱབ་སྐྱོར་འོག 2018 ལོའི་ཟླ 11པར“ལས་ཞུགས་དབུལ་སྐྱོར་འཁོར་ཁང”བཙུགས། 2019 ལོར་དབུལ་སྐྱོར་འཁོར་ཁང་གི་བཟོ་ཁང་སྨི་གྲུ་བཞི་མ 356.8རྒྱས་སྐྲུན་བྱས་པ་དང་། མིག་སྔར་དབུལ་སྐྱོར་འཁོར་ཁང་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་བུད་མེད་དབུལ་བོ 30ལས་ཞུགས་བརྟན་པོ་བྱུང་ཡོད་ལ། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 2ལ་བསླེབས་ཤིང་། རོང་འབྲོག་སྡེ་བའི་ངལ་རྩོལ་ནུས་ཤུགས་ལྷག་མ 200ལྷག་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱས་ཡོད་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 1.2ལ་བསླེབས། ཁོ་མོས་ལྟོ་རྒྱབ་གནམ་ལ་བརྟེན་པའི་རོང་བའི་བུད་མེད་རྣམས“ལག་པ་བསྲིངས་ནས་སྒོར་མོ་སློང་བ”ནས“རང་བདག་གིས་སྒོར་མོ་བཙལ་བ”རུ་འགྱུར་དུ་བཅུག་པ་དང་། བུད་མེད་ཚོས་གཙག་དྲུབ་བྱས་པ་བརྒྱུད་ནས་ཁྱིམ་ཚང་གི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། རང་ངོས་ཀྱི་རིན་ཐང་ཡང་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་དྲ་ཐོག་ཚོང་ལས་དབུལ་སྐྱོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཅོ་ནེའི་གཙག་དྲུབ་དྲ་རྒྱའི་མངགས་ཐོ་བརྒྱུད་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་པ་དང་མི་རིགས་རིག་གནས་ཀྱི་མཚོན་རྟགས་ཁོ་ན་མ་ཡིན་པར། དེས་ས་གནས་དེ་གའི་བུད་མེད་ཀྱི“བདེ་སྐྱིད་ཀྱི་འཚོ་བ་གསར་བ”བསྐྲུན་ཡོད།
   2019 ལོའི་ཟླ 12པར་ཉིང་ཅུས་དབྱིན་གྱི་དབུལ་སྐྱོར་འཁོར་ཁང་ལ་ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཅུས་དང་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གིས“ཀན་སུའུ་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དབུལ་སྐྱོར་ལས་ཞུགས་བཟོ་ཁང”ཞེས་མཚན་ཐོ་སྤྲད་པ་དང་། ཉིང་ཅུས་དབྱིན་གྱིས“ང་ཚོའི་གཙག་དྲུབ་ཐོན་རྫས་ཚང་མ་བུད་མེད་དབུལ་བོའི་ལག་ནས་ཐོན་པ་ཡིན་ལ། གཙག་དྲུབ་ཐོན་རྫས་དེ་ཐའོ་པའོ་དང་ལག་བྱང་མ་སོགས་བརྒྱུད་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་འཚོང་བཞིན་ཡོད་པས། ཀུང་སིའི་ཡོང་འབབ་མཐོ་ན་བུད་མེད་ཀྱི་ཡོང་འབབ་ཀྱང་མཐོ། ཁོ་ཚོ་ལས་ཞུགས་བྱས་ནས་ཡོང་འབབ་འཕར་བ་དང་ཐོན་སྐྱེད་དང་འཚོ་བ་གཉིས་འཐུས་ཤོར་དུ་མི་འགྲོ་བ་མཐོང་སྐབས་ང་རང་ཤིན་ཏུ་དགའ་བོ་བྱུང་། ང་ཚོ་བུད་མེད་ཚོས་རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་འཚོ་བ་བསྒྱུར་དགོས”ཞེས་བཤད།
   ཉིང་ཅུས་དབྱིན་ནི་ཞིང་སྡེའི་བུད་མེད་དཀྱུས་མ་ཞིག་ཡིན་ལ། ཁོ་མོས་བབ་ཆགས་ཀྱི་འདུ་ཤེས་དང་རང་འབད་ཀྱི་སྙིང་སྟོབས། གཅིག་གིས་བཅུ་དང་བཅུ་ཡིས་བརྒྱ་ཁྲིད་དེ་དམངས་སྲོལ་རྒྱུན་འཛིན་དང་དྲོ་སྐྱིད་བརྒྱུད་སྤྲོད་པ་དང་། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན།། (སྒྲོལ་མ་འཚོ་དང་གསེར་ཁྲི་འཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། བསོད་ནམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།