中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།
དུས་ཚོད།2021-02-03 11:10:35     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
       ཟླ 2པའི་ཚེས 1ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་བཞིན་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།
\
    
ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི 259ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི 229ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
\
    ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བཀྲ་ཤིས་འཚོ་ཡིས་ཚོགས་ཆེན་གྱི་གཙོ་འགན་ཁུར།
\
    ཚོགས་ཆེན་གྱི་ཐེངས་འདིའི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། ཧྲི་ཡོན་ཧྥུན། ཝང་ཡ་ནན།  དབྱང་ཅན་གོ  དབྱང་ཁྲང་ཏེ། སྒོ་མང་ཚང•བློ་བཟང་བརྩོན་འགྲུས་རྒྱ་མཚོ། ཏུང་ཡན་ཆིན། ཧྲང་ཞུའེ་ཅེ་བཅས་ཡིན།
    ཀྲུའུ་ཞི་སྟེགས་བུར་ཞུགས་མཁན་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཡོད།
\
    ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་དྲག་སྤྲས་ཀན་ལྷོ་ཡན་ལག་རུ་ཁག ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འགོ་ཁྲིད་བློ་མཐུན་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྲུའུ་ཞུའི་སྟེགས་བུར་བཞུགས།
    ཚོགས་ཆེན་དུ་ཁུལ་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་ཀན་ལྷོ་ཡི་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་ཚང་མ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། ཀན་ལྷོའི་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག  ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་རྫོང་སོ་སོ་དང་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་ཁྲིམས་ཁང་གི་འགོ་གཙོ། མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
སྔ་དྲོའི་ཆུ་ཚོད 9ཡི་སྟེང་དུ། བཀྲ་ཤིས་འཚོ་ཡིས་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ཤིང་རྔམ་བརྗིད་ལྡན་པའི་རྒྱལ་གླུས་ཚོགས་རའི་བར་སྣང་ཡོངས་སུ་ཁེངས་ཤིང་ཚོགས་ཆེན་དངོས་སུ་འགོ་བརྩམས།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་ཆེན་ལསྲིད་གཞུང་གི་བྱ་བའི་སྙན་ཞུཕུལ། ཁོས་ཕུལ་བའི་སྙན་ཞུའི་ནང་དོན་ཁག་བཞི་རུ་བགོས་ཡོད་དེ། གཅིག་ནི“ལྔའི་བཅུ་གསུམ”སྐབས་ཀྱི་བྱ་བར་ཕྱིར་བལྟས་བྱེད་པ། གཉིས་ནི “ལྔའི་བཅུ་བཞི”སྐབས་ཀྱི་སྤྱི་ཁོག་གི་བཀོད་སྒྲིག་དང་འབད་བརྩོན་དམིགས་འབེན། གསུམ་ནི 2021ལས་འགན་གཙོ་བོ། བཞི་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བཅས་ཡིན།
    ཀྲའོ་ལིན་ཡུན་གྱིས་སྙན་ཞུ་ཕུལ་བའི་ཁྲོད་བཤད་པར། “ལྔའི་བཅུ་གསུམ”སྐབས་ནི་རང་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་ལ། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་། དཀའ་ངལ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། རང་བྱུང་གི་གནོད་འཚེ་ཡང་ནས་བསྐྱར་དུ་བྱུང་བའི་རྙོག་འཛིང་གི་གནས་བབ་གདོང་གིས་བསུས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག ཁུལ་དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ནན་མོ་བྱས་ཤིང་། ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་མ་ཟད། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་དང་བཀོད་སྒྲིག་ལྟར། “འཐབ་ཇུས་ཆེན་པོ་ལྔ”མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས“སྐྱེ་ཁམས་ཆེན་པོ་ལྔ”འཛུགས་སྐྲུན་བྱས་པ། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པར”འཆར་གཞི་བཀོད་པའི་དམིགས་འབེན་དང་ལས་འགན་ཚང་མ་ཡོངས་སུ་ལེགས་གྲུབ་བྱས་པས། རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ། གྲོང་ཁྱེར་དང་གྲོང་གསེབ་ལ་འགྱུར་ལྡོག་ཆེས་ཆེ་བ་དང་། ཡར་རྒྱས་ཀྱི་རྒྱུ་སྤུས་ཆེས་བཟང་བ། རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཆེས་མགྱོགས་པ། མང་ཚོགས་ལ་ཁེ་ཕན་ཐོབ་པ་ཆེས་མང་བའི་དུས་སྐབས་ཤིག་བསྐྲུན་ནས། ཀན་ལྷོའི་འཕེལ་རྒྱས་འདི་ཉིད་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབ་ཏུ་བཅུག་ཡོད།
\
    ཀྲའོ་ལིན་ཡུན་གྱིས་བསྟན་པར། འདས་ཟིན་པའི 2020ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུས་པའི་ལོ་ཡིན་ལ། རང་ཁུལ་གྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་དམིགས་བསལ་གྱི་ལོ་ཞིག་ཀྱང་ཡིན། གློ་བུར་དུ་བྱུང་བའི་ཏོག་དབྱིབས་གློ་ཚད་ཀྱི་ནད་ཡམས་དང་། འབྲུག་ཆུ་དང་ཐེ་བོའི 8•17འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ལ་གདོང་གཏད་དེ། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་ལྷུར་ལེན་བྱས་ཤིང་། ཚན་རིག་དང་མཐུན་པར་ནད་ཡམས་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཏང་བར། ཚད་ངེས་ཅན་གྱི་སྟེང་ནས་ནད་ཡམས་ཀྱི་རྐྱེན་ངན་ཇེ་ཆུང་དུ་བཏང་ཡོད་ལ། “གཏན་འཇགས་དྲུག”གི་བྱ་བ་གཟབ་ནན་གྱིས་སྒྲུབ་ཅིང་། “འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་སུ་དངོས་འབེབས་དང་། “འགོག་རྒོལ་གྱི་འཐབ་འཛིང་ཆེན་མོ་གསུམ”ལ་རྒྱལ་ཁ་བླངས་ནས། ཡར་རྒྱས་ཀྱི་གོམ་པ་བརྟན་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་མཐུན་སྦྱོར་བྱེད་པ། དམངས་ལ་ཁེ་ཕན་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ། གཏན་འཇགས་སྲུང་སྐྱོང་བྱེད་པ་བཅས་མཉམ་དུ་ཡར་སྐུལ་བྱས་པས། ཐོབ་པར་དཀའ་ལ་སྔོན་དཔག་ལས་བཟང་བའི་གྲུབ་འབྲས་བླངས་ཡོད། ང་ཚོར་ངོས་ཟིན་ཟབ་མོ་ཞིག་ཡོད་པ་ནི། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་གཞི་འཛིན་ས་ཡིན་ལ། གཏན་འཇགས་ཀྱི་མཐའ་ཚད་རྒྱུན་འཁྱོངས་བྱེད་ཅིང་སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱ་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱུས་ཀྱི་རྩ་བའི་སྔོན་འགྲོ་ཡིན། གོ་རྟོགས་འདི་དག་ལ་རིན་ཐང་བླ་ན་མེད་པས། ང་ཚོས་ཅིས་ཀྱང་གཅེས་སྤྲས་བྱ་དགོས།
    ཀྲའོ་ལིན་ཡུན་གྱིས་བསྟན་པར། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་དུས་སྐབས་ཀྱི་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་ཅིང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབས་ཏེ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་བྱ་བའི་ཐབས་ཇུས་ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁོངས་ནས་ཀན་ལྷོ་ས་ཁུལ་གྱིས་སྐྱེ་ཁམས་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་བར་དམ་པོར་དམིགས་པ་བཅས་བྱས་ནས། “སྣེ་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ།  ལྗང་མདོག་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་འཕེལ་རྒྱས་གསར་བའི་གཞི་ཁྱོན་དུ་འདྲེས་པར་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གང་མགྱོགས་ཀྱིས་ཆགས་པར་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་ལེགས་སྒྱུར། གོམས་ངན་གཙང་སེལ་བཅས་བྱས་ནས་སྔར་ལས་ལྷག་པར་བཟང་སྐྱོང་ཆད་གསབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱས་ཏེ། རྨ་ཆུ་དང་འབྲུ་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མ་ལག་བསྐྲུན་ཏེ། གསར་གཏོད་ཀྱི་སྒུལ་ཤུགས་དེ་བས་ཀྱང་དོ་སྣང་དང་། མ་ལག་བཅོས་སྐྱོང་བྱ་རྒྱུར་སྔར་ལས་ཀྱང་དོ་སྣང་བྱ་དགོས། ཀན་ལྷོ་ནི “དཔལ་འབྱོར་རྗེས་འབྲངས་མཁན”ནས “སྐྱེ་ཁམས་སྣེ་ཁྲིད་མཁན”དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས“གནོད་མེད་ལྔ”ཡི་མིང་བྱང་གསར་བ་བསྐྲུན་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་འགྲོ་བར་འགན་ལེན་བྱ་དགོས།
    ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་སུ 6%འཕར་རྒྱུ། ས་གནས་ཀྱི་སྤྱིའི་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་རྒྱུ། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་གྲངས་ལོ་རེར་ཆ་སྙོམས 5%འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས 5.5%འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས 104ནང་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་བཀོལ་ཆོག་པའི་ཡོང་འབབ་ཆ་སྙོམས་ལོ་རེར 7%འཕར་རྒྱུ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོལ་ཆོག་པའི་ཡོང་འབབ་ཆ་སྙོམས 8%འཕར་རྒྱུ། ཁུལ་ཡོངས་ཀྱི་གྲོང་རྡལ་ཅན་འགྱུར་ཚད 43%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐོ་འགོད་ཀྱི་ལས་ཤོར་བྱུང་ཚད 4%ནང་དུ་ཚོད་འཛིན་བྱ་རྒྱུ།
    ཀྲའོ་ལིན་ཡུན་གྱིས་བསྟན་པར། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ 100འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་འགོ་འཛུགས་པའི་ལོ་ཡིན་པས། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
    ཀྲའོ་ལིན་ཡུན་གྱིས་བསྟན་པར། དུས་རབས་གསར་བར་བསླེབ་ཅིང་། བྱས་རྗེས་གསར་བ་མངོན་དུ་འགྱུར་བར་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ཐད་ལ་སྔར་ལས་མཐོ་བའི་བླང་བྱ་གསར་བ་བཏོན་ཡོད། ང་ཚོས་རང་ངོས་བཅོས་སྒྱུར་བྱེད་པའི་འགན་ཁུར་དང་སྙིང་སྟོབས་ལ་བརྟེན་ནས། འགན་ནུས་བསྒྱུར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་བསྒྲུབས་ཏེ། མི་དམངས་ལ་འགན་ཁུར་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མི་དམངས་ཀྱི་འདོད་བློ་འཚིམ་པར་བྱ་དགོས། ང་ཚོས་བློ་སེམས་གཅིག་སྒྲིལ་དང་། གསར་གཏོད་ལྷུར་ལེན། དངོས་གཉེར་དངོས་འཛིན། སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ་བཅས་ཀྱི་སྒོ་ནས། མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་འབད་པ་ལྷུར་ལེན་བྱས་ཏེ། གྲུབ་འབྲས་ཁྱད་དུ་འཕགས་པས་ཏང་བཙུགས་ནས་ལོ་ངོ 100འཁོར་བར་རྟེན་འབྲེལ་ཞུ་དགོས།
    ཚོགས་ཆེན་གྱིས་ད་དུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དང 2035ལོའི་ཡུན་རིང་དམིགས་འབེན(འཆར་ཟིན)དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ 2020ལོའི་རྒྱལ་དམས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང 2021ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱས།།
(གསར་འགོད་པ་རྟ་མགྲིན་སྐྱིད་དང་སྐལ་བཟང་རབ་བརྟན་གྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།