中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གནོད་མེད་ལྔ་ཡི་ཀན་ལྷོ་དང་བཅུ་ཡོད་གཞིས་ཁྱིམ་གསར་འཛུགས་ཀྱིས་རྐྱང་ཐང་མཚོ་ཁྲུང་ཁྲུང་མཚོ་མོ་རུ་གྱུར་པ།
དུས་ཚོད།2022-01-13 17:16:02     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  དགུན་གསུམ་གྱི་གྲང་རླུང་འུར་འུར་དུ་ལྡིང་ཞིང་ས་འཛིན་ཧྲིལ་བོ་འཁྱགས་པས་བསྡམས་ཀྱང་། རྐྱང་ཐང་མཚོ་མོ་དེ་རྒྱང་རིང་ནས་ཡོང་བའི“མགྲོན་པོ་རྩ་ཆེན་དག”གི་རྐྱེན་པས་མཚོ་ཁ་འདིར་དྲོད་ཁོལ་མི་ཉུང་བ་སྦྱིན། ཟླ1པའི་ཚེས6ཉིན། གསར་འགོད་པ་ཀན་ལྷོའི་ཀླུ་ཆུ་རྫོང་གི་རྐྱང་ཐང་མཚོ་མོ་དང་འགོ་མང་བརླན་སའི་རྒྱུད་ཀྱི་ཁྲུང་ཁྲུང་དཀར་མོ་འཚོལ་འདྲི་བྱེད་དུ་སོང་། ཉེ་བའི་ལོ་ཤས་ནང་དགུན་ཁ་བསླེབས་པ་ན་ཁྲུང་ཁྲུང་རིགས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་རྐྱང་ཐང་མཚོ་མོའི་རྒྱུད་དུ་དགུན་ཁ་སྐྱེལ་བར་ཡོང་གི་ཡོད་ལ། ཁྲུང་ཁྲུང་དཀར་མོ་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་ཆབས་ཅིག་རྐྱང་ཐང་མཚོ་དེ་མཛེས་སྡུག་ལྡན་པའི“ཁྲུང་ཁྲུང་མཚོ་མོ”ཞིག་ཏུ་གྱུར་ཡོད། ཁྲུང་ཁྲུང་ཁྱུ་དང་ཁྱུ་བྱས་ནས་དྭངས་ཤིང་གཙང་བའི་མཚོ་ཆུའི་ནང་དུ་ཟས་འཚོལ་བ་དང་། སྐད་གསང་མཐོན་པོས་གླུ་ལེན་པ། ཡང་ན་ལྡེམ་ཞིང་འཁྱུག་པའི་བྲོ་འཁྲབ་པ་བཅས་བྱས་ནས་མཚོ་མོ་ལ་སྐྱེ་སྟོབས་ཀྱི་དཔལ་གསར་བ་བསྣན་ཏེ་ལྟ་ན་སྡུག་པའི་མཛེས་ལྗོངས་གསོན་ཉམས་དང་ལྡན་པ་ཞིག་ཏུ་གྲུབ་འདུག
  རྐྱང་ཐང་མཚོ་མོ་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཁོངས་སུ་ཡོད་ལ། ས་བབ་མཐོ་ཚད་སྨི3480དང་། མཚོའི་རྒྱ་ཁྱོན་ལ་སྤྱི་ཆིང2750ཡོད་པ་དང་། ཆ་སྙོམས་ཀྱི་ཆུའི་ཟབ་ཚད་སྨི1.5ཡིན་ཞིང་།  ཀན་སུའུ་ཞིང་ཆེན་གྱི་མཐོ་སྒང་གི་ཚྭ་མེད་མཚེའུ་དང་བོ་སྟེ། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་བརླན་ས་གལ་ཆེན་ཞིག་ཡིན་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་གསབ་སྤྲོད་ཁུལ་གལ་ཆེན་ཞིག་ཀྱང་ཡིན་པས་མཐོ་སྒང་གི་མུ་ཏིག་རེད་ཅེས་བརྗོད་ཀྱི་ཡོད། 1982ལོར་རྐྱང་ཐང་མཚོ་མོ་ཞིང་ཆེན་རིམ་པའི་དུས་བྱའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས་པ་དང2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ།
  ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་མཚོ་ཉིན་རྒྱུད་ཀྱི་བརླན་ས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟེ་བའི་ཁུལ་གྱི་ཡུལ་མི་གནས་སྤོར་དང་། བརླན་སར་ཕྱུགས་འཚོ་འཚམས་འཇོག་པ། བརླན་ས་སླར་གསོའི་རྣམ་གྲངས་སོགས་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་ལག་ལེན་བསྟར་ཡོད། ས་འོག་གི་ཆུ་དང་བརླན་སའི་རྒྱ་ཁྱོན། སྐྱེ་དངོས་སྣ་མང་རང་བཞིན། རྩྭ་ཐང་སྔོ་ཁེབས་ཚད་སོགས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཁྲུང་ཁྲུང་སོགས་འདབ་ཆགས་ལ་འཚོ་གནས་ཀྱི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་བརླན་སའི་ཟས་རིགས་མཁོ་འདོན་བྱས།
  རང་ཁུལ་གྱིས་གནོད་མེད་ལྔ་ཡི་ཀན་ལྷོ་འཛུགས་སྐྲུན་དང་བཅུ་ཡོད་གཞིས་ཁྱིམ་གསར་འཛུགས་ཀྱི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱས་པས། ལྟ་ན་སྡུག་པའི“ཁྲུང་ཁྲུང་དཀར་མོའི་མཚོ”ཡི་མཛེས་ལྗོངས་འདི་གྲུབ་པ་རེད། མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རྐྱང་ཐང་མཚོ་མོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་ད་ལྟ་རྐྱང་ཐང་མཚོ་མོའི་བརླན་སར་འཚོ་སྡོད་བྱེད་པའི་ཆུ་སྐྱེས་སྲོག་ཆགས་ཁྲུང་ཁྲུང་དཀར་མོ་དང་ཁྲུང་ཁྲུང་སྐེ་ནག ངང་དམར་སོགས་ཆུ་བྱའི་རིགས་ཀྱི་སྲོག་ཆགས་སྣ་ཁ63ཡོད་པ་དང་ད་ལོ་འདབ་ཆགས་སྣ་ཚོགས་ཁྲི3ཙམ་འདི་གར་ཡོང་ནས་རྒྱུད་སྤེལ་དང་འཚོ་སྡོད་བྱེད་ཀྱིན་ཡོད་ཟེར།།
རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།