中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་བླ་བྲང་དགོན་པར་སོང་ནས་བྱ་བར་རྟོག་ཞིབ་བྱས་པ།
དུས་ཚོད།2022-09-21 11:16:30     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 15ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་བླ་བྲང་དགོན་པར་སོང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན། གཏན་འཇགས་སྲུང་སྐྱོང་། ཆོས་ལུགས་དོ་དམ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་མ་ཟད། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་གྲྭ་བའི་འཐུས་མི་དང་དགོན་པའི་གཞུང་སྒྲུབ་ཁང་གི་ལས་སྒྲུབ་མི་སྣ་དང་བཞུགས་མོལ་བྱས། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བྱེད་པ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ཆེན་མོ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རིམས་ནད་ལ་འཐབ་འཛིང་དང་ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན། གཏན་འཇགས་སྲུང་སྐྱོང་བཅས་བྱས་ནས་རིམས་ནད་དང་རིང་དུ་གྱེས་པའི་ཚེ་སྲོག་གི་དག་ཞིང་སྲུང་སྐྱོང་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་ཡུལ་ཁམས་ཆགས་པར་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བདེ་བླག་ངང་འཚོགས་རྒྱུར་བསུ་མ་བྱ་དགོས་ཞེས་ནན་གྱིས་བསྟན།
       ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་དགོན་པའི་གྲྭ་ཤག་ཏུ་སོང་ནས་དགོན་པར་བཅའ་སྡོད་ཀྱི་ལས་བྱེད་པ་དང་གྲྭ་བའི་འཐུས་མིར་འཚམས་འདྲི་བྱས་པ་དང་། གྲྭ་བའི་སློབ་སྦྱོང་དང་སློབ་གསོ། འཚོ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་མིག་སྔར་མཐའ་སྐོར་ས་ཁུལ་གྱི་རིམས་ནད་སྔར་བཞིན་བསྐྱར་ལོག་བྱུང་དང་འབྱུང་བཞིན་ཡོད་པ་དང་། རིམས་ནད་བསྐྱར་འབྱུང་གི་ཉེན་ཁ་སྔར་བཞིན་གནས་པས། དགོན་པའི་དོ་དམ་ཁང་དང་དགོན་པའི་གཞུང་སྒྲུབ་ཁང་གིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རིམས་འགོག་གི་འགན་འཁྲི་ནན་མོ་འཁུར་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སོ་སོ་དམ་འཛིན་བྱས་ནས་རིམས་འགོག་གི་འཐབ་མོར་རྒྱལ་ཁ་བླངས་ཏེ་བླ་བྲང་དུ་རིམས་ནད་མེད་པ་ཁག་ཐེག་བྱ་དགོས་ཞེས་བསྟན།
       ཡུས་ཁྲིན་ཧུའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་ལ་ཉེ་བས། རྫོང་དང་ཤང་རིམ་པ་གཉིས་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པས་གཙོ་གནད་དགོན་པ་དང་ཆོས་ལུགས་ཀྱི་འཐུས་མིར་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཁོངས་གཏོགས་ས་ཆའི་དོ་དམ་དང་རིམ་དབྱེ་འགན་ཁུར་ནན་མོར་ཁུར་ནས། ཞི་མཐུན་གཏན་འཇགས་ཀྱི་རྨང་གཞི་བརྟན་པོ་གཏོང་དགོས། ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི“8+”བཅོས་སྐྱོང་བྱེད་སྟངས་ལ་སྣེ་ཁྲིད་བྱ་རྒྱུ་འཆིང་གཟུང་བྱེད་པ་དང“འཆམ་མཐུན་གྱི་དགོན་པ”བསྐྲུན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བརྩི་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། “ཁ་ཕྱོགས་གསལ་བ་དང་སྣེ་ཁྲིད་ལ་མཐོང་ཆེན། ཁྲིམས་སྐྱོང་ལ་བརྩི་བཀུར། ཆོས་སྲོལ་བཟང་བ། ཡར་ཐོན་ལ་སྐུལ་འདེད། ཐལ་དྲགས་སྔོན་འགོག བདེ་འཇགས་འགན་ལེན། ཡ་རབས་ཚུལ་ལྡན་ལ་དང་དོད། སྣང་བརྙན་བཟང་བོ་འཛུགས་པ”གཙོ་གནད་དུ་བཟུང་སྟེ“ཏང་གཅེསརྒྱལ་བཟངཁྲིམས་ཆེཕ་ཡུལ་མཛེས”ཞེས་པའི་སློབ་གསོ་དང་ལག་ལེན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་དུ་བསླེབས་པར་བྱས་ནས། བོད་བརྒྱུད་ནང་བསྟན་གྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་རྒྱལ་གཅེས་ཆོས་གཅེས་ཀྱི་ཡང་དག་པའི་ལམ་བུའི་ཐོག་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་པ། རྒྱ་ཆེའི་གྲྭ་དམངས་ཀྱིས“གཏན་ནས་བྱེད་མི་ཆོག་པ་བཅུ”ཡི་བླང་བྱ་ལྟར་ཡིན་མིན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ཐོས་བསམ་སྒོམ་གསུམ་ལ་ཤུགས་སྣོན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྒོམ་སྒྲུབ་དང་སྡོམ་ཁྲིམས་ནན་མོ་སྲུང་སྟེ། རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དུས་རབས་གསར་བའི་ཚད་ལྡན་རྣམ་འབྱོར་བ་ཞིག་བྱ་དགོས་ཞེས་ནན་གྱིས་བསྟན།
     ཡུས་ཁྲིན་ཧུའེ་ཡིས་ད་དུང་དཔོན་ཚང་མཐའ་སྐོར་དུ་དྲག་ཆར་བབས་རྗེས་ཀྱི་འདམ་རྡོ་བཅོས་སྐྱོང་དང་སླར་གསོའི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད། བསང་ཆུ་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་ནུས་ལྡན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་གཙོ་གནད་བྱ་བ་ལེགས་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན།
     ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི་དང་། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།