རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད།། དུས་རབས་གསར་བར་བྱས་རྗེས་འཇོག།
ཅོ་ནེ་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སུ་བཏང་ནས།
དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་བ།
རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཉེ་བའི་ལོ་ཤས་རིང་ལ། ཅོ་ནེ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ཧུར་ཐག་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ལས་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ས་ཆ་བེད་སྤྱོད་ནུས་ལྡན་བྱས་ནས། ཐབས་བརྒྱ་ཇུས་སྟོང་སྒོས་སྡེ་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་དང་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་།
ཅོ་ནེ་རྫོང་མོག་རོ་འདེབས་འཛུགས་དཔེ་སྟོན་གཞི་སའི་འགན་ཁུར་བ་ཧོ་ཝུན་ལུང་གིས“མོག་རོ་འཐུ་རན་པའི་དུས་སུ་རྫོང་ཡོངས་ཀྱི་གཞི་ས་རུ་ཆ་སྙོམས་སུ་ཉིན་རེར་མི 500ལྷག་གིས་རྒྱུན་ཆད་མེད་པར་འཐུ་བཞིན་ཡོད་ལ། རྒྱལ་ཡོངས་ཀྱི་ཚོང་བ་མང་པོ་ཞིག་ཅོ་ནེ་རྫོང་གི་མོག་རོ་གཞི་སར་ཡོང་ནས་ཡུལ་དངོས་སུ་མཉམ་ལས་སྐོར་ལ་རྟོག་ཞིབ་བྱས་པ་དང་། ང་ཚོས་ཧང་ཀྲོའུ་ཧྥེང་ཤང་ཤ་མོ་ལས་རིགས་ཚད་ཡོད་ཀུང་སི་ལ་ཏུན 150ཡི་བཙོང་རྒྱུའི་གན་རྒྱ་བཞག་ཡོད། ཏུན 30ལྷག་ཧང་ཀྲོའུ་ཡི་ཚོང་རར་བཏང་བ་དང་། ཅོ་ནེ་ཡི་མོག་རོ་སྤུས་ཚད་ལ་རྒྱལ་ཡོངས་ཀྱི་ཚོང་རའི་སྟེང་ནས་ཁས་ལེན་ཐོབ་ཡོད”ཅེས་ངོ་སྤྲོད་བྱས།
ཅོ་ནེ་རྫོང་མ་རུ་གྲོང་རྡལ་ཁྱུང་མགོ་སྡེ་བའི་སྡེ་དམངས་ཀྲུའུ་ཆིའུ་ཧྭ་ཡིས“འདི་གར་ལས་ཀ་ལས་ན་ཉིན་གཅིག་ལ་ཡོང་འབབ་སྒོར་བརྒྱ་དང་ཉི་ཤུ་ལོན་འདུག ད་དུང་ལག་རྩལ་བའི་ས་་དེ་ནས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་ཡག་པོ་བྱེད་ཐུབ་ཀྱི་འདུག རྗེས་སུ་ངས་ཀྱང་མོག་རོ་འདེབས་ཀྱི་ཡིན”ཞེས་བཤད།
རྣ་ལུང་གྲོང་རྡལ་ཚད་ལྡན་ཅན་གྱི་འདེབས་འཛུགས་གཞི་སར་སྐྱོད་སྐབས་གང་སར་སྔོ་ལྗང་གིས་ཁེངས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན། ཕྱོགས་གཅིག་ནས་སྡེ་དམངས་ཚོས་ཞིང་ནང་དུ་ཕྱུར་ཚོད་སྔོན་པོ་དང་ཚོད་དཀར་ཆུང་ཆུང་བསྡུ་བའི་ལས་ལ་བྲེལ་བཞིན་ཡོད་པ་དང་། ཕྱོགས་གཅིག་ནས་སྡེ་དམངས་ཚོས་ཚོད་རིགས་དངོས་ཟོག་རླངས་འཁོར་ནང་བརྩིགས་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། ལས་ལ་བྲེལ་ནས་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་ནས་ཡོད།
དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་ཀྱི་འབྲེལ་མཐུད་ནུས་ལྡན་ཁྲོད་ཅོ་ནེ་རྫོང་གིས་རང་ངོས་ཀྱི་སྐྱེ་ཁམས་བབ་བཟང་སྤྱད་དེ་སྲོལ་རྒྱུན་གྱི་སྔོ་ཚལ་འདེབས་འཛུགས་བྱ་ཐབས་རྒྱ་ཆེ་རུ་བཏང་ནས་རྐང་འཛིན་ཁེ་ལས་ནང་འདྲེན་དང་། སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས། ཚད་ལྡན་ཅན་གྱི་མཐོ་སྒང་དབྱར་ཚལ་འདེབས་འཛུགས་དཔེ་སྟོན་གཞི་ས་འཛུགས་པ་མངོན་འགྱུར་བྱུང་བ་རེད།
ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་གི་ཞིང་སྡེ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཆགས་བཞིན་ཡོད། སྡེ་བ་མཛེས་ཤིང་ཐོན་ལས་མང་བོ་ཡོད་པས་དམངས་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|