རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཉེ་བའི་ལོ་ཤས་རིང་ལ། ཐེ་བོ་རྫོང་གིས“སྐྱེ་ཁམས་ཐེ་བོ། ལྗང་མདོག་ཞིང་ཕྱུགས”ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རང་ཁུལ་གྱི་ནོར་གནག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་ར་སྐོར་ནང་ནས་གཟན་ཆས་སྟེར་བ་དང་ར་སྐོར་ཕྱེད་ཀའི་ཕྱུགས་རིགས་གསོ་སྟངས་ཁྱབ་གདལ་དུ་བཏང་སྟེ་ནོར་གནག་ཐོན་ལས་ཀྱི་ཤོང་ཚད་ཇེ་མང་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། ཕན་འབྲས་མཐོ་རུ་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གྱི་བྱ་བ་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་ཕན་པ་ཐོབ།
ཐེ་བོ་རྫོང་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཐོན་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ནོར་གནག་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། “གཞི་ས + མཉམ་ལས་ཁང + ཞིང་ཁྱིམ”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་མ་དངུལ་བཏང་བ་དང་མང་ཚོགས་ཀྱིས་རང་གྲབས་བྱེད་པ་སྒོར་ཁྲི 17344.62ཟིན་པ། ཕྱུགས་རིགས་ཁ་གྲངས 5000ཡན་གྱི་གསོ་ཚགས་གཞི་ས 1 རྫོང་རིམ་པའི་ནོར་གནག་ཐོན་ལས་དཔེ་སྟོན་གཞི་ས 3དང་ཤང་རིམ་པའི་ནོར་གནག་ཐོན་ལས་དཔེ་སྟོན་གཞི་ས 10བཅས་བསྐྲུན་ཏེ་རོང་འབྲོག་པའི་ཁྱིམ་ཚང 330ལྷག་ལ་སྐུལ་ཁྲིད་བྱས་ནས་རྒྱུད་བཟང་ནོར་གནག་ཁ་གྲངས 1727ཉོས་ཡོད། རྫོང་ཡོངས་སུ་ནོར་གསོ་ཚགས་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་བཅས 65ལ་བསླེབས་པའི་ནས་ནོར་གནག་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད།
ནོར་གནག་ཐོན་ལས་སྤྱི་མཐུན་དུ་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་ནས་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ས་ཞིང་སྤོ་སྒྱུར་དང་། རང་ཡུལ་ནས་ལས་ཀ་འགྲོ་བ། མ་རྐང་ནང་ཞུགས་པ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་བགོ་བཤའི་རྣམ་པ་རྒྱ་སྐྱེད་གཏོང་བ། ནས་དང་། ཞོག་ཁོག སྲན་མ་སོགས་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་རྒྱུ་ཆར་བྱས་ནས“ནོར་གནག་གསོ་ཚགས-ལུད་བེད་སྤྱོད-སྐྱེ་ལྡན་ཞིང་ལས”ཀྱི་འཁོར་རྒྱུག་རྣམ་པ་ཧུར་ཐག་གིས་བཏོད་དེ་ལུད་ཐོན་ཁུངས་ཅན་དང་། ཚོང་ཟོག་ཅན། ཐོན་ལས་ཅན་བཅས་སུ་བེད་སྤྱོད་ཐུབ་པ་བྱུང་ནས་རོང་འབྲོག་མང་ཚོགས་ཀྱི“སྒོ་ཁའི”ཡོང་འབབ་འཕར་བ་མངོན་འགྱུར་བྱུང་།
ལག་རྩལ་དང་རིམས་འགོག་འགན་སྲུང་ཐད་འབད་པ་བྱས་ཏེ། ནོར་གྱི་རྒྱུད་པ་ལེགས་བཅོས་བྱེད་པའི་ཐད་ནས་ཐོད་བརྒལ་བྱས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་། ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་འགན་བཅོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2022ལོར་རྫོང་ཡོངས་ཀྱི་ནོར་ཁྲི 2.6012འགན་བཅོལ་ནང་ཞུགས་པ་དང་། ཐོ་འགོད་ཤོག་བྱང་དང་འགན་བཅོལ་གྲོན་དངུལ་སྒོར་ཁྲི 497.14ཟིན་ཡོད། མིག་སྔའི་བར་སྐྱིན་ཚབ་ཁྱོན་སྒོར་ཁྲི 12.2སྤྲད་ནས་ཞིང་ཁྱིམ 32ལ་ཕན་པ་ཐོབ་ནས་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་ཏན་ཏིག་བྱས་ཡོད།
དེ་དང་ཆབས་ཅིག་ནོར་གནག་གི་ཐོན་རྫས་ལས་སྣོན་བྱེད་པའི་ཐད་ལའང་ཤུགས་བསྣན་ནས། འོ་མ་དང་། མར། ཕྱུར་ར། ཞོ་སོགས་འོ་མའི་ཐོན་རྫས་དང་ཞག་གི་འདུས་ཚད་དམའ་བ་དང་། ཤ་ཞིམ་པ། ཚ་ཚད་མཐོ་བ་བཅས་ཀྱི་མཐོ་སྒང་གི་ཚགས་ཤ་མི་རྣམས་ཀྱི་དགའ་བསུ་ཐོབ་ཡོད། ཤེས་རྟོགས་བྱུང་བར་ལྟར་ན། རྫོང་ནང་ཁུལ་གྱི་ཞིང་འབྲེལ་རྐང་འཛིན་ཁེ་ལས་ཀྱིས་ལོ་འདིར་ཚགས་ཤ་སྐམ་པོ་ཏུན 12 ལྷག་བཙོངས་པ་དང་། བྲིན་ཚོང་ཡོང་འབབ་སྒོར་ཁྲི 300ཟིན་པ་དང་། མང་ཚོགས 4300ལྷག་ལ་སྐུལ་ཁྲིད་ཐུབ་ཡོད།
མིག་སྔར། རྫོང་ཡོངས་སུ་ད་ཡོད་ནོར་གནག་ཁྲི 6.73དང་བཤས་ཁོངས་སུ་ཁྲི 2.2བཏང་ཡོད་དེ། ནོར་གནག་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་མངོན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|