ཡུས་ཁྲིན་ཧུའེ་ཡིས་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ།
ཟླ11པའི་ཚེས26ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་དུ་སོང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་མ་ཟད། འཐབ་ཕྱོགས་དང་པོའི་བྱ་བྱེད་མི་སྣར་འཚམས་འདྲིའང་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། “འགྱུར་མེད་གསུམ”ཆོད་སེམས་བརྟན་པོས་སྒྲུབ་དགོས་ཤིང་། པར་གཞི་དགུ་བའི་དོན་ཚན་ཉི་ཤུ་ལག་ཏུ་བསྟར་དགོས། “སྔ་དགོས་པ་བཞིའི”བླང་བྱ་རྒྱུན་འཁྱོངས་དང་། “གཟབ་ནན”འགོ་རུ་བཞག་ནས། ཕྱི་མཆེད་ནང་ཁྱབ་གཏན་འགོག་བྱེད་པ་དང་། “བདེན་པ”མཐིལ་དུ་བྱས་ནས། ནང་ཁུལ་གྱི་རིམས་ནད་བསྐྱར་ལོག་དམ་པོར་འགོག་སྲུང་བྱ་དགོས། “དམ་པ”ཤུགས་དུ་བཟུང་ནས། སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་ཐབས་དོན་འཁྱོལ་ཡོང་བ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་རྒྱལ་ཁ་ལེན་དགོས་ཞེས་བསྟན།
གཙོས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་བསང་ཆུ་རྫོང་ཙ་ཡུས་ཤང་། མར་ཐང་གྲོང་རྡལ་བཅས་སུ་ཡུས་ཁྲིན་ཧུའེ་ཡིས་ཡུལ་དངོས་སུ་བཀོད་འདོམས་འཁོར་སྐྱོད་དང་འགྲིམ་འགྲུལ་འགག་སྒོ་སྲུང་བ། ཐོན་སྐྱེད་ལས་ཡུལ་བཅས་ཀྱི་འགོག་སྲུང་བྱ་ཐབས་ལག་ཏུ་བསྟར་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁོས་ས་གནས་སོ་སོར་རིམས་ནད་ཁྱབ་རྒྱ་ཆེ་ཞིང་། མཆེད་པའི་འབྲེལ་ཐག་མང་བ། དུས་ཡུན་རིང་བ་སོགས་ཀྱི་རྙོག་འཛིང་ཆེ་བའི་རྣམ་པ་མངོན་པ་དང་། ལོ་མཇུག་ཏུ་ཡུལ་ལ་ལོག་པའི་སློབ་མ་དང་ཞོར་ལས་པ་སོགས་ཧ་ཅང་མང་བས། རིམས་ནད་མཆེད་པའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས། སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་དཀའ་ཁག་ཇེ་ཆེར་བཏང་ཡོད་ལ། འགྲིམ་འགྲུལ་འགག་སྒོ་ནི་ཀན་ལྷོར་ཡོང་བའི་འགག་སྒོ་དང་པོ་ཡིན་པ་དང་། ཕྱི་ནས་ནང་དུ་མཆེད་པ་འགོག་པའི་འགག་རྩའི་དུས་རིམ་ཀྱང་ཡིན་པས། ཉིང་བསྐྱུར་བརྟག་དཔྱད་དང་འགྲོ་འོང་བཤེར་རིས། བདེ་ཐང་བཤེར་རིས་སོགས་ལ་ཞིབ་ཏུ་ལྟ་བ་དང“ས་གནས་གང་དུ་ཐོན་ན་དེ་ནས་ཉིང་བསྐྱུར་བརྟག་ཞིབ་བྱེད་ཅིང” ཀན་ལྷོར་ཕྱིར་ལོག་པའི་མི་སྣས་སྔོན་ནས་ཡར་ཞུ་བྱེད་ཐབས་ལག་ཏུ་བསྟར་བར་མཛུབ་སྟོན་བྱ་དགོས་པ་དང་། ཡོང་ཁུངས་ཤེས་ཤིང་འགྲོ་ཕྱོགས་གསལ་བ། རླངས་འཁོར་གཅིག་ཀྱང་མི་ཆད་པ་དང་མི་གཅིག་ཀྱང་མི་ཤོར་བ་བྱས་ནས། སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནད་དུག་ཕྱི་ནས་མཆེད་པ་གཏན་འགོག་བྱ་དགོས་པའི་བླང་བྱ་བཏོན།
ཡུས་ཁྲིན་ཧུའེ་ད་དུང་གཙོས་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་གྱི་བྱང་སྒོའི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་སུ་སོང་ནས། བཤེར་རིས་ལ་ལྟ་བ་དང་འགྲིམ་འགྲུལ་ལམ་སྟོན། དུག་སེལ་དང་ཞབས་ཞུ་འགན་སྲུང་སོགས་ཀྱི་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་ཤིང་། ཀན་ལྷོར་ལོག་པའི་སློབ་མའི་འཚོ་བའི་འགན་སྲུང་སྐོར་ལ་ཞིབ་འདྲི་བྱས་པ་དང་། ལོགས་བཀར་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། འཐབ་ཕྱོགས་དང་པོའི་རིམས་འགོག་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱ་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རང་ཉིད་འགོག་སྲུང་དང་། འགྲིམ་འགྲུལ་དང་བཟའ་བཏུང་། ལས་རེས་ངལ་གསོ་སོགས་མཁོ་སྒྲུབ་བྱ་བར་འགན་སྲུང་བྱེད་པ་དང་། མདུན་དུ་གདོང་མཆོང་བྱེད་པར་སྐུལ་སློང་བྱས་ནས། རིམས་ནད་འགོག་པའི་འགག་སྒོ་བརྟན་པོར་སྲུང་དགོས་ཞེས་བཤད།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི་དང་ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན། ཁུལ་དཔོན་གཞོན་པ་དབྱང་ཀོང་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ལིའུ་ཡིས་བཅས་ཀྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།།
(གདུགས་དཀར་ཚེ་རིང་གིས་བསྒྱུར།)
རྩོམ་སྒྲིག་པ། པདྨ་འཚོ།
|