དབྱང་ཝུའུ་ཡིས་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་སུ།
མཐའ་གཅིག་དང་ནུས་ལྡན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོར་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཟླ11པའི་ཚེས28ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དབྱང་ཝུའུ་ཁུལ་མི་དམངས་སྨན་ཁང་དང་གཙོས་གྲོང་ཁྱེར། བསང་ཆུ་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་སོ་སོ་དང་། འགྲིམ་འགྲུལ་རིམས་འགོག་ས་ཚིགས། རིམས་འགོག་གཙོ་གནད་ས་ཁོངས་བཅས་སུ་སོང་ནས། སྨན་བཅོས་མི་སྣ་དང་རིམས་འགོག་འཐབ་ས་དང་པོའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་མ་ཟད། རིམས་འགོག་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་རིམས་འགོག་དང་དམངས་འཚོའི་སྤྱི་ཚོགས་འགན་སྲུང་བྱ་བ་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
དབྱང་ཝུའུ་སྔ་རྗེས་སུ་ཁུལ་མི་དམངས་སྨན་ཁང་དང་ཀན་ལྷོ་ཁུལ་ཡུལ་སྐོར་འགྲེམ་སྟོན་ལྟེ་གནས། བསང་ཆུ་རྫོང་ལུས་རྩལ་ཁང་གི་སྨན་ཁང་འཛུགས་སྐྲུན་བྱ་ཡུལ་བཅས་སུ་སོང་ནས། འཐབ་ས་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས་པ་མ་ཟད། སྨན་ཁང་འཛུགས་སྐྲུན་གྱི་འཕེལ་རིམ་དང་འབྲེལ་ཡོད་སྒྲིག་ཆས་འབྱོར་ཚུལ་ལ་ལྟ་ཞིབ་བྱས།
གཙོས་གྲོང་ཁྱེར་གྱི་མགྲོན་ཁང་ཁ་ཤས་དང་གྲོང་ཁྱེར་གྱི་སྡེ་ཁུལ་ཁག་གཅིག་ཏུ་དབྱང་ཝུའུ་ཡིས་ལོགས་བཀར་ས་ཚིགས་ཀྱི་བྱ་བའི་འཁོར་སྐྱོད་དང་ཉེན་ཁའི་ས་ཁོངས་དོ་དམ་ཚོད་འཛིན། སྡེ་ཁུལ་གྱི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁོས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། པར་གཞི་དགུ་བའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དང"དོན་ཚན་ཉི་ཤུ"ཡི་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 
དབྱང་ཝུའུ་ཡིས་བསང་ཆུ་རྫོང་ཙ་ཡུས་ཤང་དང་མར་ཐང་ཤང་གི་ཤང་དང་སྡེ་བའི་ལས་བྱེད་པར་གཟིགས་མོལ་དང་འཚམས་འདྲི་བྱས་པ་མ་ཟད། རོང་འབྲོག་སྡེ་བའི་རྒྱུན་ལྡན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ། དེ་བཞིན་ཉེན་ཁ་ཡོད་པའི་མི་ཚོགས་ཀྱི་ཁྱིམ་སྡོད་ལོགས་བཀར་དོ་དམ་ཚོད་འཛིན་དང་ཁྱིམ་སྡོད་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཁོས་གཟབ་ནན་གྱིས་མང་ཚོགས་ལ་སྲིད་ཇུས་གསལ་བསྒྲགས་བྱེད་པ་དང་མང་ཚོགས་ཀྱི་བློ་ལ་འབབ་པར་བཅུག་སྟེ། འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་ལིན་དང་ཁུལ་དཔོན་གཞོན་པ་ཝང་ཧྥང་། དབྱང་ཀོང་ལུང་དང་དེ་བཞིན་གཙོས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། བསང་ཆུ་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་འབྲེལ་ཡོད་བརྟག་ཞིབ་ལ་ཞུགས་པ་རེད།།
(བན་དེ་ཚེ་རིང་གིས་བསྒྱུར།)
རྩོམ་སྒྲིག་པ། པདྨ་འཚོ།
|