ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་རིམ་བརྩིས་མ་དངུལ་སྒོར་ཁྲི7000གི་འོད་ཤུགས་
ལས་གཞིའི་དངུལ་བུན་བཏང་ནས་ལྗང་མདོག་ནུས་ཁུངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་ལྷོའི་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་ཁྲི 5000བཏང་ནས་ཀན་ལྷོ་ཁུལ་གྱི“ཕྱུགས་འོད་གསབ་རེས”ཀྱི་གློག་གཏོང་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། དངུལ་བུན་དེ་ནི 2022ལོར་ལྗང་མདོག་དངུལ་བུན་སྒོར་ཁྲི 2000བཏང་རྗེས་སླར་ཡང་བཏང་བ་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་ལྗང་མདོག་དངུལ་རྩའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་ཀྱི་རྗེས་བསྙེགས་ནས། ལྗང་མདོག་དངུལ་རྩའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཞབས་འདེགས་ཞུས། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་དངུལ་ཁང་གི་མཐུན་སྦྱོར་མཉམ་འགུལ་འོག ཚོང་གཉེར་གྱི་ནུས་པ་མཐོ་གྲས་འདོན་སྤེལ་གང་ལེགས་དང་སྲིད་ཇུས་སྒྲོག་འགྲེལ་སྒྲིག་འཛུགས་དང་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་བྱས་པ་བརྒྱུད། འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྐྲུན། ཁེ་ལས་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བསྟུན་པའི་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཏོན་ནས་མ་དངུལ་བསྡུ་སྒྲིལ་དང་ཞབས་ཞུ་འདོན་སྤྲོད་བྱས། “སྤྱི་ཡོངས་འཆར་འགོད་དང་ཁག་བགོས་སྐུལ་འདེད”ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ། དེ་བས་ཆེད་ལས་ཅན་གྱི་ཇུས་གཞི་དང་དེ་བས་སྟབས་བདེ་ཅན་གྱི་ལས་རིམ། དེ་བས་སྤུས་ལེགས་ཅན་གྱི་ཞབས་ཞུས་མཁོ་མཁན་གྱི་ཁས་ལེན་ཐོབ་པར་བྱས། 2022ལོ་ནས་བཟུང། རིམ་རྩིས་བྱས་ན་ལྗང་མདོག་དངུལ་བུན་སྒོར་དུང་ཕྱུར 11ཐོབ་པ་མ་ཟད། སྒོར་ཁྲི 7000ལས་གཞིའི་འཛུགས་སྐྲུན་ཐད་སྤྱོད་པས། ལས་གཞིའི་འཛུགས་སྐྲུན་མ་དངུལ་གྱི་དགོས་མཁོ་འགན་ལེན་བྱས།
ལས་གཞི་དེ་ལེགས་གྲུབ་བྱུང་རྗེས། ཀན་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་ཐུབ་པ་མ་ཟད། ད་དུང་རྩྭ་ཐང་བྱེ་འགྱུར་དང་བྱེ་ཐང་ཅན་དུ་འགྱུར་རྒྱུ་ནུས་ལྡན་ངང་ཉུང་དུ་གཏོང་ཐུབ། དུས་མཚུངས་སུ། ས་ཞིང་གི་རིན་ཐང་བེད་སྤྱོད་ཐུབ་པའི་རྨང་གཞིའི་ཐོག ལས་ཞུགས་ལས་གནས 225མཁོ་འདོན་བྱེད་ཐུབ་པས། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཐུབ་པ་མ་ཟད། འཛུགས་སྐྲུན་རྒྱུ་ཆ་དང་འགྲིམ་འགྲུལ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་ཐུབ་པས། རོང་འབྲོག་མང་ཚོགས 368ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི 4.53འཕར་ཐུབ་པ་དང་། ལོ་ངོ 20ཡི་རིང་ལ་བསྟུད་མར་འཕར་ཐུབ།
དུས་མཚུངས་སུ། ཡན་ལག་དངུལ་ཁང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས་ནུས་ཁུངས་གཙང་མ་དང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་མུ་མཐུད་དུ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱས་ནས། ཀན་ལྷོ་ཁུལ་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་ཀན་ལྷོ་ཁུལ་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུ་གཏོད་པར་རམ་འདེགས་བྱ་ཐུབ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|