中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། སྐབས19པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས5པ་ཟླ10པར་འཚོཊ་རྒྱུ།
དུས་ཚོད།2020-09-29 15:19:15     རྩོམ་གྱི་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    ཆུང་། | འབྲིང་། | ཆེ།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཡིག་ཆར་གྲོས་བསྡུར་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་ལ་གྲོས་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་གནང་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་། སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གཏན་ལ་ཕབ་རྒྱུའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་གནང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་ལ་གྲོས་བསྡུར་གནང་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། གྲོས་ཚོགས་ཐོག ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ཟླ་10པའི་ཚེས་26ཉིན་ནས་29ཉིན་བར་པེ་ཅིན་དུ་སྐོང་འཚོགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གཏན་ལ་ཕབ་རྒྱུའི་སྐོར་གྱི་གྲོས་འགོའི་མ་ཟིན་དེ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་གཏན་ནང་དང་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་གནས་ཚུལ་སྙན་ཞུ་གསན་གནང་བ་དང་། ཐེངས་འདིའི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
   གྲོས་ཚོགས་ཐོག་ད་ཐེངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ནང་། དམངས་གཙོ་དར་སྤེལ་དང་། སྒོ་འབྱེད་ཐབས་འདྲི། བློ་རིག་གཅིག་སྡུད་བཅས་བྱས་ཡོད་པ་དང་། ཏང་ཕྱི་ནང་གི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་གནང་ཡོད་པ་རེད། དེའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་གནང་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་ཐད་ཀར་གསན་གནང་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་འབྲེལ་ཡོད་ཕྱོགས་ཁག་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་གྲོས་འགོའི་མ་ཟིན་ལ་ཁས་ལེན་གང་ལེགས་གནང་བ་དང་། གྲོས་འགོའི་མ་ཟིན་གྱི་བརྗོད་དོན་ཁ་གསལ་བ་དང་། གོ་དོན་ཟབ་པ། དམིགས་འབེན་ཁ་གསལ་བ། བྱ་ཐབས་ནུས་ལྡན་ཡིན་པ་དང་དུས་མཚུངས་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་ཞིག་བཏོན་ཡོད་པའི་ངོས་འཛིན་གནང་ཡོད། གྲོས་འགོའི་མ་ཟིན་ནང་ས་ཁུལ་ཁག་དང་སྡེ་ཁག་ཁག་གི་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་གྲོས་འགོ་དང་མང་ཚོགས་ཀྱི་རེ་བ། རིགས་གཅིག་མཁས་པའི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་བསྡུ་ལེན་བྱས་ཡོད། དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པའི་ངོས་འཛིན་བྱས་ཡོད།
   གྲོས་ཚོགས་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་ཤིག་ཡིན་པ་དང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགལ་ལྕི་བའི་རྒྱལ་ནང་གི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་མདུན་དུ་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་ཚབས་ཆེན་ཕོག་པའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དང་བབ་ལ་བསྟུན་པ་དང་། སྒམ་བརླིང་ལྡན་པའི་ངང་ཁ་གཏད་བཅག་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ཚེགས་ཆེན་པོས་མདུན་སྐྱོད་དང་གསར་གཏོད་གསར་འབྱེད་བྱས་པ། འབད་བརྩོན་ཆེན་པོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཐུབ་གྲབས་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་སྐས་རིམ་གསར་པ་ཞིག་ལ་སླེབས་ཡོད་ཅེས་ནན་སྟོན་གནང་ཡོད།
   གྲོས་ཚོགས་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ངེས་པར་དུ་མི་དམངས་ཀྱི་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གཙོ་གཟུགས་གནས་བབ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ཤུགས་ཆེར་གཏོང་དགོས། ངེས་པར་དུ་གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་པ་དང་། གོང་འཕེལ་གཏོང་ཐབས་བརྗེ་སྒྱུར་ཏན་ཏིག་བྱེད་པ། སྤུས་ཚད་ཀྱི་འགྱུར་བ་དང་ལས་ཆོད་ཀྱི་འགྱུར་བ། སྒལ་ཤུགས་ཀྱི་འགྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཐོན་ཁུངས་ཆ་སྦྱོར་གྱི་ཕན་འབྲས་མཐོ་རུ་འགྲོ་བར་ཕན་ཐོགས་ཡོད་པ་དང་། སྤྱི་ཚོགས་ཧྲིལ་པོའི་ཧུར་སེམས་སྐུལ་སློང་བྱ་རྒྱུར་ཕན་ཐོགས་ཡོད་པའི་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་ཤུགས་ཆེར་གཏོང་དགོས། ངེས་པར་དུ་ཆ་ལག་ཚང་བའི་ལྟ་བ་རྒྱུན་འཁྱོངས་དང་། རྨང་གཞི་བརྟན་པོ་དང་། བཟང་ཆ་དར་སྤེལ། མི་འདང་ས་གསབ་པ། ཞན་ཆར་ཤུགས་སྣོན་རྒྱག་པ། ཚབས་ཆེའི་ཉེན་ཁ་དང་འགྲན་རྩོད་སྔོན་འགོག་དང་སེལ་རྒྱུར་སྣང་ཆེན་བྱེད་དགོས། འཆར་འགོད་སྒྲིག་བཟོ་དང་དོན་འཁྱོལ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གོང་འཕེལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་བཏོན་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེས་སྒོ་ཀུན་ནས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེའི་རྒྱལ་ཁ་ལེན་རྒྱུར་རྒྱ་ཆེ་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྲོལ་ཡིག་དེས་ཏང་ཀྲུང་དབྱང་གི་འགོ་ཁྲིད་གནས་བབ་དང་། འགོ་ཁྲིད་སྒྲིག་གཞི། འགོ་ཁྲིད་འགན་དབང་། འགོ་ཁྲིད་བྱེད་ཐབས། འཐབ་ཇུས་བཀོད་སྒྲིག རང་ངོས་འཛུགས་སྐྱོང་སོགས་ཀྱི་ཐད་སྒོ་ཀུན་ནས་གཏན་འབེབས་བྱས་ཡོད་པས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།
   གྲོས་ཚོགས་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུད་དེ་བཞིན་གང་དེའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཏང་གི་སྒྲིག་ཡིག་དང་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་པ། རང་ཉིད་ལ་རེ་བ་ནན་པོ་འདོན་པ་སོགས་བྱས་ནས་ཏང་ཡོངས་ཀྱི་བློ་མཐུན་ལ་མིག་དཔེ་འདོན་དགོས། ས་གནས་ཁག་དང་ཚན་པ་ཁག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྲོལ་ཡིག་གི་དགོངས་དོན་ལག་བསྟར་བྱེད་པའི་ཆབ་སྲིད་རང་རྟོགས་བསམ་བློ་ཤུགས་ཆེར་བཏང་སྟེ་སྲོལ་ཡིག་གི་དགོངས་དོན་དང་བླང་བྱ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་ཁྲོད་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།།
རྩོམ་སྒྲིག་པ། བསོད་ནམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།