中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པ།
དུས་ཚོད།2021-04-07 19:35:23     རྩོམ་གྱི་ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན།    ཆུང་། | འབྲིང་། | ཆེ།
    ཟླ 4བའི་ཚེས 2ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། ལོ་རེའི་དུས་ཚིགས་འདིར་ང་ཚོ་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས་པ་ཡིན་ལ། མི་རེ་རེས་ལྗང་སྒྱུར་བྱེད་པ་དང་ནགས་སྐྲུན་བྱེད་པ།  ནགས་ཚལ་སྲུང་སྐྱོང་བྱེད་པའི་དཔལ་ཡོན་སྲོལ་བཟང་དར་སྤེལ་བྱས་ནས། ཚང་མར་སྡོང་འཛུགས་ནགས་སྐྲུན་དང་མེས་རྒྱལ་ལྗང་སྒྱུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ཡོད་པར་བྱེད་པ་དང་། སྤྱི་ཚོགས་སུ་རང་རྟོགས་འགུལ་སྐྱོད་ཆགས་པར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་པའི་ཁྱིམ་གཞི་མཉམ་དུ་འཛུགས་སྐྲུན་བྱ་དགོས།
    ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུའུ་ཝུན་ཡུས་ཧི་སྡོང་འཛུགས་བྱེད་སར་ཕེབས་ནས་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།
    ཞི་ཅིན་ཕིང་རླངས་འཁོར་ལས་བབས་མ་ཐག་ཏུ་ལྕགས་ཁེམ་བཟུང་སྟེ་སྡོང་འཛུགས་བྱེད་སར་ཕེབས་པ་དང་། དེ་ན་སྡོང་བོ་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་ནས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ལག་བརྡ་བཏང་ནས་གུས་འདུད་ཞུས་པ་དང་། དེར་མཐུད་ནས་པེ་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུས་ཀྱི་འགན་འཁུར་བློ་མཐུན། དེ་མིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ན་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས། ཞི་ཅིན་ཕིང་གིས་སྡོང་བོ་འཛུགས་སྐབས། ན་ཆུང་གདོང་ལེན་རུ་མི་དང་ལྷན་དུ་སྡོང་རྩར་ཆུ་ལྡུག་ཞོར་དུ་རུ་མི་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པ་མ་ཟད། ཁོ་ཚོར་ཆུང་དུས་ནས་བཟུང་ངལ་རྩོལ་འདུ་ཤེས་དང་ངལ་རྩོལ་ལ་དགའ་ཞེན་ཆེ་བ་སྐྱེད་སྲིང་བྱ་དགོས་པ་དང་། ངལ་རྩོལ་ལ་དགའ་བ་ནི་མིའི་གཞི་རྩའི་བྱང་ཚད་ཡིན་ལ། ཁྱོད་ཚོ་འཚར་ལོངས་བྱུང་རྗེས་མེས་རྒྱལ་སྔར་ལས་སྟོབས་ལྡན་དུ་འགྱུར་ངེས་ཡིན་པའི་བླང་བྱ་བཏོན།
    སྡོང་བོ་འཛུགས་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་གསུངས་རྒྱུར། ད་ལོ་ནི་དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་བྱས་ནས་ལོ 40ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྤོབས་པ་ཆེར་བསྐྱེད་སྒོས་མེས་རྒྱལ་གྱི་ས་གཞི་ཆེན་པོ་ལྗང་སྒྱུར་བྱས་པ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱས་པས། འཛམ་གླིང་ཡོངས་སུ་ནགས་ཚལ་གྱི་ཐོན་ཁུངས་རྒྱ་སྐྱེད་ཚད་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དཔལ་ཡོན་བསམ་བློ་བསགས། འཕེལ་རྒྱས་ཀྱི་དུས་སྐབས་གསར་བས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་པས། ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱ་དགོས། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་དམ་འཛིན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། ནགས་ཚལ་གྱི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་མ་ཟད། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ཚད་འཕར་མཐོར་འདེགས་སུ་བཏང་ནས། རང་རྒྱལ་གྱི་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་མི་རེ་རེ་ཡིས་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད། མཛེས་པའི་ཀྲུང་གོ་ཞིག་ཡིན་ན་མེས་རྒྱལ་གྱི་རི་ཆུ་ལུང་གསུམ་སྔར་ལས་མཛེས་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་བདེ་ཐང་ཡིན་དགོས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཡོངས་ལ་སྐུལ་སློང་དང་དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་ཞིང་བྱ་བའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་འོས་འགན་སྡོང་འཛུཊ་ཁྲོད་ཞུགས་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་སྡོང་འཛུགས་འོས་འགན་ལག་བསྟར་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཚོ་བའི་རྣམ་པ་ལག་བསྟར་བྱ་དགོས་ལ། ང་རང་ཚོའི་སའི་གོ་ལའི་ཁྱིམ་གཞིར་སྲུང་སྐྱོང་བཟང་བོ་བྱེད་པ་དང་མེས་རྒྱལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བཟང་བོ་བྱས་ནས། མི་དམངས་ཡོངས་ལ་སྤུས་ཚད་མཐོ་བའི་འཚོ་བ་རོལ་དུ་འཇུག་དགོས།
    པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་སོགས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།