中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།།ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ།
དུས་ཚོད།2023-01-20 20:52:35     རྩོམ་གྱི་ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ།
     སྤྱི་ཟླ1པོའི་ཚེས15ནས་ཚེས19ཉིན་བར། ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ནན་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་ཐོན་བྱུང་ཞིང་། ཅང་སུའུ་རུ་འདེམས་བསྐོའི་ནང་ཞུགས་པའི་ཀྲུང་དབྱང་ནས་མཚན་འདོན་གནང་བའི་འཐུས་མིའི་འོས་མི་བློ་མཐུན་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་རེད།
     ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོས་སྤྱི་ཚེས19ཉིན་གྱི་སྔ་དྲོ་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་། ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི144བདམས་ཐོན་བྱུང་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བའི་ཁྱབ་བསྒྲགས་བྱེད་སྐབས། འཐུས་མི་ཡོངས་ཡར་བཞེངས་ཤིང་དགའ་ཚོར་ཆེན་པོས་ཐལ་མོ་རྡེབ་པ་དང་། ཐལ་མོའི་རྡེབ་སྒྲ་ཚོགས་ར་ཡོངས་སུ་ཡུན་རིང་གྲགས་ཤིང་། འཐུས་མི་ཚོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།    
    འཐུས་མི་རྣམས་ནས། མི་དམངས་གཙོ་འཛིན་གྱིས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། མི་དམངས་དུང་ཕྱུར་མང་པོས་གཙོ་འཛིན་ལ་དགའ་གུས་ཞུ། དུས་རབས་གསར་བར་སླེབས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་བཀོད་སྒྲིག་གནང་བའི“དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། མང་ཚོགས་ཕྱུག་པོ་ཆགས་པ། ཁོར་ཡུག་མཛེས་སྡུག་ལྡན་པ། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་བ”བཅས་ཀྱི་བརྗིད་ཆེའི་འཆར་གཞི་གཞིར་བཟུང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རླབས་ཆེན་ལག་ལེན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་ཅང་སུའུ་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི800ལྷག་ཙམ་གྱི་ཐུན་མོང་གི་བསམ་འདུན་ཡིན་པ་དང་། དེའི་ཐོག་ནས་ཅང་སུའུ་ཡི་བུ་ཕྲུག་ཁྲི8500ལྷག་ཙམ་གྱིས་སྙིང་ཐག་པ་ནས་གོང་དུ་བཀུར་བ་མཚོན་ཡོད་ཅིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དུང་ཕྱུར14ལྷག་ཙམ་གྱིས་བསྐྱར་དར་རླབས་པོ་ཆེའི་ལམ་སྣེ་འཁྲིད་མཁན་གྱི་རྗེས་སུ་འབྲངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ནུས་ཤུགས་ཡོད་རྒུས་གཏོད་པའི་ཆོད་སེམས་བརྟན་པོ་གཅིག་སྡུད་ཀྱིས་མཚོན་ཡོད་པ་རེད།    
     འཐུས་མི་ཚོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འགག་རྩའི་དུས་དང་གལ་ཆེའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཅང་སུའུ་ལ་ཁ་ཕྱོགས་གཏན་འཁེལ་གནང་བ་དང་། སྐུ་ངོ་མ་ཅང་སུའུ་རུ་རྟོག་ཞིབ་གནང་བར་ཐེངས་གསུམ་ཕེབས་ཤིང་། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ད་ཐེངས་ཅང་སུའུ་ཡི་འདེམས་བསྐོའི་ནང་ཞུགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཅང་སུའུ་ཡི་ལས་བྱེད་མང་ཚོགས་ལ་ཡིད་ཆེས་ཆེན་པོ་དང་། ལྕག་སྐུལ་ཆེན་པོ། ཐུགས་ཁུར་ཆེན་པོ་བཅས་གནང་བ་ཞིག་ཡིན་པས། ང་ཚོར་གཟི་བརྗིད་ཀྱི་ཚོར་སྣང་ཚད་མེད་བྱུང་ལ། ངར་ཤུགས་དང་བློ་སྤོབས་ཀྱང་རབ་ཏུ་འཕེལ་བྱུང་ཞེས་དང་། འཐུས་མི་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་རུ་འདེམས་བསྐོའི་ནང་ཞུགས་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། གནས་བབ་གསར་བའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་རྒྱག་པ་དང་དེ་ཚད་ལྡན་དུ་གཏོང་བ། འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ཞིང་། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བསྒྱུར་བཅོས་བྱེད་མཚམས་མི་འཇོག་པ་དང་སྒོ་དབྱེ་བྱེད་མཚམས་མི་འཇོག་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མངོན་པའི་ངོས་འཛིན་གནང་ཡོད།   
     བླ་ན་མེད་པའི་འདེམས་ཤོག་གཅིག་གཟི་བརྗིད་ངང་འཕངས་རྗེས། ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲེན་ཅང་གྲོང་ཁྱེར་ཏན་དབྱང་གྲོང་ཁྱེར་ཨར་ལིན་གྲོང་རྡལ་ཨར་ཁྲེང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཀྲུང་ཡང་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ2014ལོར་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་དགོས་ཞེས་པ་ཐོག་མར་བཏོན་གནང་ཡོད། ལོ་བཅུ་ཡི་རིང་འབད་བརྩོན་བྱས་པ་བརྒྱུད། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་། ཏང་རྩ་འཛུགས་ཀྱི་དབང་གྲགས་དེ་བས་ཆེ་རུ་ཕྱིན་པ། ང་ཚོར་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་བཏང་བས་འཚོ་བ་ཡག་ནས་ཡག་ཏུ་ཕྱིན་ཡོད། ཡུལ་མི་ཚོས་བློ་གཅིག་སེམས་གཅིག་ངང་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲང་བ་དང་ཏང་ཀྲུང་དབྱང་གི་རྗེས་སུ་འབྲང་བཞིན་ཡོད་ཅིང་། ང་ཚོར་ངར་ཤུགས་ཡོད་པ་དང་། རེ་བ་ཡོད་པ། དམིགས་བྱ་ཡོད་པ་བཅས་བྱུང་ཞེས་གསུངས་པ་རེད།   
    ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཞུས་ཁོང་ཚོགས་པ་ཀུང་སིའི་ཅང་སུའུ་ཧྭ་མེ་ཚ་གློག་ཚད་ཡོད་ཀུང་སིའི་བདེ་འཇགས་ལྟ་ཞིབ་པུའི་ལག་རྩལ་བ་ལིའུ་ལེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིར་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་ཐོས་སྐབས་ང་རང་ལ་བསམ་གྱིས་མི་ཁྱབ་པའི་དགའ་ཚོར་བྱུང་ཞེས་དང་། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་བའི་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞུས་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། དངོས་ཚན་དཔལ་འབྱོར་གོང་འཕེལ་སྟོབས་ཆེར་གཏོང་དགོས་པའི་ནན་སྟོན་གནང་བ་དང་། ངལ་རྩོལ་དཔེ་བཟང་དང་ལག་རྩལ་འཇོན་ཐང་ཅན་སོགས་ལས་བཟོ་པའི་འཐུས་མིར་བྱམས་བརྩེའི་ངང་གཟིགས་ཤིང་། ཚང་མས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་ཁྲོད་མི་མི་རེ་ངོ་རེའི་མི་ཚེའི་ཉམས་བཟང་མངོན་པར་བྱ་དགོས་ཞེས་སྐུལ་མ་གནང་བས། ང་ཚོའི་སེམས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་བྱུང་ལ། སྐུལ་མ་ཡང་ཆེན་པོ་ཐེབས་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་སེམས་ལ་བརྟན་པོར་ངེས་ནས། ནུས་ཤུགས་ཡོད་རྒུ་བཏོན་ཏེ་གསར་གཏོད་དང་འགག་གཏོར་བྱེད་པ་དང་། ལག་རྩལ་དེ་བས་མང་བ་འགག་གཏོར་ཐུབ་པ་བྱས་ནས། ཀྲུང་གོའི་བཟོ་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་འདུག  
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་བཟོས་ཆུ་བོ་ཆེན་པོའི་རིག་གནས་ཁུལ་འཛུགས་སྐྱོང་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། མི་བཟོས་ཆུ་བོ་ཆེན་པོ་དེ་མི་བཟོས་ཆུ་བོའི་ངོགས་གཉིས་ཀྱི་མི་དམངས་ཀྱི་ཕྱུག་འགྱུར་གྱི་ཆུ་བོ་དང་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་བ་བྱ་དགོས་ཞེས་བསྟན་ཡོད། ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཡང་ཀྲོའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཀྲེང་ཁྲེང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས། རིག་གནས་ལས་དོན་པ་ཞིག་དང་། མི་བཟོས་ཆུ་བོའི་ཆུ་བཏུངས་ནས་འཚར་ལོངས་བྱུང་བའི་ཡང་ཀྲོའུ་བ་ཞིག་གི་ངོས་ནས་བརྗོད་ན། དེ་བས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལོ་རྒྱུས་རྒྱུན་འཛིན་གྱི་རིག་གནས་རྩ་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། མང་ཚོགས་ཀྱི་ཆུ་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། མི་བཟོས་ཆུ་བོའི་ཆུ་གཙང་ཞིང་ངོགས་གཉིས་སྔོ་ཞིང་ལྗང་བ་དང་། སྐྱེ་སྟོབས་ཀྱིས་ཕྱུག་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཡོད་ཅེས་གསུངས་པ་རེད།    
      རྒྱང་སྐྱོད་གསར་བ་འབད་པས་སྐྱོད། དུས་རབས་གསར་བར་བྱས་རྗེས་འཇོག ཅང་སུའུ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་མངགས་ཏེ། བསྒྱུར་བཅོས་གསར་གཏོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་དཔེ་སྟོན་དང་། རྒྱལ་ཡོངས་ཀྱིས་གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པར་ཞབས་ཞུ་བྱེད་པའི་ཐད་སྣེ་ཁྲིད་དཔེ་སྟོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་ཡོང་བ་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པ་བཅས་བྱེད་པའི་གཟི་བརྗིད་ཀྱི་འོས་འགན་དང་དུ་བླངས་ཡོད་པ་རེད། འཐུས་མི་རྣམས་ནས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཅང་སུའུ་ཡི་འདེམས་བསྐོའི་ནང་ཞུགས་པ་མ་ཟད་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བའི་གཏམ་བཟང་དེ་འཁྱེར་ཐོག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ། འདུ་ཤེས་བཞི་སྔར་བས་ཤུགས་ཆེར་གཏོང་རྒྱུ། བློ་སྤོབས་བཞི་བརྟན་དུ་གཏོང་རྒྱུ། སྲུང་སྐྱོང་གཉིས་ཐུབ་པ་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཅང་སུའུ་ཡི་ལག་ལེན་ལ་དམ་པོར་གཞིགས་ནས། མདུན་དུ་སྐྱོད་པ་དང་། འགན་འཁྲི་ལྕི་པོ་འཁུར་བ། ལེགས་སྐྱེས་མང་ཙམ་འབུལ་བ་བཅས་བྱས་ནས། བྱ་སྤྱོད་ངོ་མ་དང་དེ་བས་ལེགས་པའི་གྲུབ་འབྲས་ཐོག་ནས་འོས་འགན་གསར་བ་དང་དུ་ལེན་པ་དང་ལེའུ་གསར་བ་རྩོམ་རྒྱུ་བཅས་ཀྱི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བསྟན་འདུག།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།