2023ལོའི་བོད་ལུགས་ལོ་སར་ཐོན་ལ་ཉེ་བའི་དུས་འདིར། བོད་ལྗོངས་སུ་ཚེས29ཉིན་འདིར་དགུ་ཐུག་ཉིན་མོ་ཟེར་ཞིང་། ལུགས་རྙིང་ལོ་སར་གྱི་གནམ་གང་དང་འདྲ། དགུ་ཐུག་ཉིན་མོ་ཞེས་པ་དོན་དངོས་སུ་ཅི་ཞིག་ཡིན་ནམ། གཤམ་ནས་ང་ཚོས་བརྙན་རིས་བརྒྱུད་ནས་རྒྱུས་ལོན་ཞིག་བྱ།
དེ་ཡང་ལོ་རྙིང་བའི་ཟླ་བ་མཐའ་མའི་ཚེས་ཉི་ཤུ་དགུ་ཡི་ཉིན། ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས། གླུད་རྫོང་བྱེད་པའི་ཡུལ་སྲོལ་རྒྱ་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་འབོད་པ་ཡིན། དེའི་རྩ་བའི་དམིགས་ཡུལ་ནི་ལོ་རྙིང་བ་དེའི་ནང་གི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་ཆེད་གླུད་རྫོང་བ་དང༌། གདོན་འདྲེ་ཕྱིར་འབུད་བྱེད་པ། ཟས་རིགས་སྣ་ཁ་དགུ་ཡོད་པའི་བག་ཐུག་འཐུང་བ་བཅས་བྱེད་པའི་སྲོལ་ཡོད། ཞིབ་ཕྲའི་བྱེད་སྒོ་སྤེལ་ཚུལ་ནི་ཉིན་དེར་བྱ་བ་གཞན་བཞག་ནས་ཁང་ཆེན་རེ་རེ་བཞིན་དུ་གད་བདར་གཙང་སྦྲ་ཞིབ་ཚགས་བྱེད་པ་དང༌། ལྷག་པར་དུ་ཐབ་ཚང་ལ་ལོ་གཅིག་རིང་ཆགས་པའི་དུད་དྲེག་རྣམས་གཙང་མར་ཕྱག་ལ། དེ་ནས་དགུང་མོར་དུས་སྟོན་དེའི་མིང་དང་མཐུན་པར་ཁྱིམ་ཚང་ཚང་མས་ཐུག་པ་བག་ཐུག་སྐོལ་བ་ཡིན། དེ་ཡང་རྒྱུན་ལྡན་དང་མི་འདྲ་བ་ཞིག་སྟེ། མི་སོ་སོའི་བསམ་པ་དང་སྤྱོད་ཚུལ་བཟང་ངན་མཚོན་བྱེད་ཀྱི་གྲོ་ཞིབ་ལས་ཉི་ཟླ་སོགས་ཀྱི་གཟུགས་དབྱིབས་མི་འདྲ་ཁག་ཅིག་བཟོ་བ་དང༌། བག་ཚ་གཞན་ལས་ཅུང་ཆེ་ཙམ་བྱེད་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཟོས་ནས། མི་སོ་སོའི་ཕོར་པའི་ནང་བག་ཐུག་གང་འཁེལ་དུ་བླུགས་པ་དེས་བསམ་པ་དང་སྤྱོད་ཚུལ་བཟང་ངན་བརྟག་པར་བྱེད། དཔེར་ན་ཉི་ཟླ་འཁེལ་ན་གཟི་བརྗིད་དང་སྙན་གྲགས་ལྡན་པ་མཚོན་པ་དང་། གདན་ཆུང་གྲུ་བཞི་འཁེལ་ན་དལ་དལ་ལྷོད་ལྷོད་ཡོང་བ་མཚོན། བལ་དཀར་པོ་འཁེལ་ན་བློ་སྣ་རིང་ཞིང་གཤིས་བཟང་མཚོན། དཀར་ཡོལ་འཁེལ་ན་ལྟོ་ལ་དཀར་ཞིང༌ལས་ལ་གཡོལ་བ་མཚོན་པ་ལྟ་བུའི་དཔེ་མང་པོ་ཡོད། དགུ་ཐུག་ལ་ནམ་རྒྱུན་གྱི་བག་ཐུག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཐུག་པའི་ནང་དུ་ཐུག་རྡོར་ཤ་དང༌། ལ་ཕུག ཕྱུར་བ་སོགས་སྨོས་མེད་ཐོག ཟས་རིགས་སྣ་ཁ་དགུ་འཛོམས་དགོས་པ་རེད། དེས་ན། དགུ་ཐུག་གི་ཉིན་མོར་ཁྱིམ་མི་ཚང་མ་ལྷན་གཅིག་དུ་འཛོམས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་དགུ་ཐུག་འཐུང་བཞིན་ལོ་སར་ལ་གྲ་སྒྲིག་བྱེད།།
རྩོམ་སྒྲིག་པ། པདྨ་འཚོ།
|