中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར། >
༄༅།། དམངས་གཙོ་བཅོས་བསྒྱུར་བྱས་པས་བོད་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད།
དུས་ཚོད།2023-03-31 15:08:55     རྩོམ་གྱི་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    ཆུང་། | འབྲིང་། | ཆེ།
      2023ལོའི་སྤྱི་ཟླ3པའི་ཚེས28ཉིན་ནི་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ64འཁོར་བའི་དྲན་གསོའི་ཉིན་མོ་རེད། ལོ64ཡི་རིང་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་དོན་དངོས་ལས་དམངས་གཙོ་བཅོས་བསྒྱུར་ནི་བོད་ལྗོངས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་གྱི་བྱ་སྤྱོད་ཅིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།
      བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དེ་བོད་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་ལུགས་ཀྱི་འཆིང་རྒྱ་ཞིག་ཏུ་གྱུར་བ།
     དུས་རབས་བཅུ་བ་ནས་བཟུང་། བོད་ལྗོངས་ལ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བཙུགས་ཡོད་ལ། ལམ་ལུགས་དེར་སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཡར་ཐོན་གྱི་རང་བཞིན་ངེས་ཅན་ཞིག་ལྡན་མོད།  ཡིན་ན་ཡང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་ལྷག་པར་དུ་ཉེ་རབས་སུ་སླེབས་ཚུན། དེའི་རྙིང་ཞེན་དང་ལོག་སྤྱོད་རང་བཞིན་ཉིན་བཞིན་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། དཔལ་འབྱོར་ཐད། སྤྱིའི་མི་འབོར་གྱི5%ཡང་ཟིན་མེད་པའི་མངའ་བདག་ཆེན་པོ་གསུམ་གྱིས་ཧ་ལམ་ཐོན་སྐྱེད་རྒྱུ་ཆ་ཡོངས་རྫོགས་བཟུང་བ་དང་། 80%ནས90%བར་གྱི་ཞིང་བྲན་ལ་བུ་ལོན་ཡོད་པ། ཐོན་སྐྱེད་འབྲེལ་བས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་འཆིང་རྒྱ་ཚབས་ཆེན་བཟོས་ཡོད། ཞིང་བྲན་གྱི་ཁྲོད་དུ“གངས་རི་མར་ལ་གྱུར་ནའང་། མངའ་བདག་གིས་བདག་གིར་བཟུང་ཡོད། ཆུ་བོ་འོ་མར་གྱུར་རུང་། ང་ཚོས་ཁམ་གང་ཡང་འཐུང་མི་ཐུབ” ཅེས་པའི་གླུ་གཞས་འདི་ལྟ་བུ་ཞིག་ཁྱབ་ཡོད།  ཆབ་སྲིད་ཐད། མངའ་བདག་ཆེན་པོ་གསུམ་གྱིས་ཆབ་སྲིད་ཀྱི་དབང་ཆ་སྒེར་སྡོམ་བྱས་ནས་ཞིང་བྲན་གྱི་འཆི་གསོན་དབང་ཆ་ཆེན་པོ་བཟུང་ཡོད་ལ། རྒྱ་ཆེའི་ཞིང་བྲན་ལ་རང་བདག་གི་དབང་ཆ་སྤུ་ཙམ་ཡང་མེད། སྐབས་དེ་དུས་དམངས་ཁྲོད་དུ། ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་པོར་བདག་སོང་ཞེས་པའི་གཏམ་དཔེ་ཡོད། བསམ་པའི་ཐད། བོད་བརྒྱུད་ནང་བསྟན་དེ་བལྟོས་མེད་ཀྱི་དབང་སྒྱུར་གནས་བབ་ཏུ་གནས་བ་དང་། མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། མངའ་བདག་ཆེན་པོ་གསུམ་གྱི་དབང་སྒྱུར་འོག བོད་ལྗོངས་ཧ་ཅང་དབུལ་ཕོངས་དང་རྗེས་ལུས་ཡིན་ལ། སྤྱི་ཚོགས་དུས་ཡུན་རིང་བོར་འཕེལ་མེད་རང་སོར་གནས་ཤིང་། རྒྱ་ཆེའི་ཞིང་བྲན་ཚོས་དཀའ་སྡུག་ཚད་མེད་མྱོང་བ་དང་།  བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དེ་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་མ་ལག་རང་བཞིན་གྱི་ལམ་ལུགས་ཀྱི་འཆིང་རྒྱ་ཞིག་ཏུ་གྱུར་ནས་བོད་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་མཐའ་དག་མེད་པར་བཟོས་ཡོད།
     དམངས་གཙོའ་བཅོས་བསྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ནས་བདག་པོར་གྱུར་བ།
     དམངས་གཙོ་བཅོས་བསྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་བ་དང་། བོད་ལྗོངས་མི་དམངས་སྲིད་དབང་དང་ངལ་རྩོལ་བ་རང་ལ་དབང་བའི་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་བཙུགས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ནས་རང་གི་བདག་པོར་གྱུར་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འདིས་བོད་ལྗོངས་འདི་ཉིད་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་མ་ལག་རང་བཞིན་གྱི་ལམ་ལུགས་ཀྱི་འཆིང་རྒྱ་རྦད་དེ་བསལ་བ་དང་། རྒྱ་ཆེའི་མི་དམངས་ཀྱིས་རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་རོལ་འགོ་ཚུགས།
     1965ལོའི་ཟླ9བར་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས། རང་རྒྱལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཟིན་པ་དང་། ཚ་ཚ་འུར་འུར་ངང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་བཞིན་པའི་རྒྱབ་ལྗོངས་འོག བོད་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་རིམ་བཞིན་བྱས་ནས་སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ། དེས་དེ་རྗེས་རྒྱལ་ཡོངས་དང་མཉམ་དུ་བསྒྱུར་བཅོས་སྒོ་འབྱེད་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ལམ་ལུགས་ཀྱི་ཆ་རྐྱེན་ཡང་བཏོད་ཡོད། དམངས་གཙོ་བཅོས་བསྒྱུར་བྱེད་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་། དེ་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་བར་བོད་ལྗོངས་ཀྱིས་དེང་རབས་ཅན་གྱི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་སླེབས་ཡོད། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་སོགས་བཏང་ནས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བརྒྱུད་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་ཕྱིན་ཡོད།
    “གསར་གཏོད་བཞིས”བོད་ལྗོངས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་བཏོད་པ།
     2020ལོའི་ཟླ8པར་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་འགོ་ཚུགས་པའི་སྐབས་དེར། ཀྲུང་དབྱང་གིས་བོད་ཀྱི་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ཁ་གསལ་བཟོས་ཡོད། 2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བོད་ལྗོངས་ལ་རྟོག་ཞིབ་གནང་བར་ཕེབས་ནས།  མཐུན་སྒྲིལ་དང་འབྱོར་ཕྱུག དམངས་གཙོ། ཤེས་དཔལ། ཞི་མཐུན།   མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་དགོས་ཞེས་པར་ཁ་ཕྱོགས་གཏན་འཁེལ་གནང་བ་དང་འཐབ་ཇུས་ཀྱི་འཆར་འགོད་གནང་བ་རེད།
     2021ལོའི་ཟླ11པར། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་གཏན་འཁེལ་གནང་བའི་བརྟན་ལྷིང་དང་འཕེལ་རྒྱས། འབྱུང་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུ་བཅས་ཐད་ཤུགས་བསྣན་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་བསྐྱོད་དགོས་ཞེས་ཁ་གསལ་བཏོན་ཡོད། “གསར་གཏོད་བཞིའི”ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ནང་གནས་བླང་བྱ་མཚོན་པ་དང་།     བོད་ལྗོངས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་འགོ་བཙུགས་པའི་སྣེ་ཁྲིད་རང་བཞིན་གྱི་ལག་ལེན་དཔེ་མཚོན་ཞིག་རེད། ཏོག་གསར་རིམས་ནད་ཀྱི་དཀའ་ཁག་འཕྲད་རུང་། 2022ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2132.64ཟིན་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད98%ཡན་ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18209ཟིན་པ། སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་པ་སོགས། “གསར་གཏོད་བཞིར”གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
     དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མུ་མཐུད་དུ་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བ། དེང་རབས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དབང་ཆར་འགན་ལེན་ནུས་ལྡན་བྱུང་བ་དང་། ཆབ་སྲིད་ཀྱི་དབང་ཆ་དང་སློབ་གསོ་མྱོང་བའི་དབང་ཆ། དད་མོས་རང་མོས་ཀྱི་དབང་ཆ་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཁྱོན་ཡོངས་ནས་འགན་ལེན་ཐུབ་ཡོད།    ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་བོད་ལྗོངས་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད།
     སློབ་གསོ་ནི་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་གྱི་བསྡུས་རིས་ཤིག་རེད། བོད་རྙིང་བར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གསོ་གཅིག་ཀྱང་མེད་པ་དང་། མི་འབོར་གྱི95%བཟུང་བའི་ཞིང་བྲན་ལ་སློབ་གསོ་མྱོང་བའི་དབང་ཆ་མེད། ད་ལྟ་བོད་ལྗོངས་སུ་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད་པས། མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་མྱོང་དབང་ལ་འགན་སྲུང་གང་ལེགས་བྱས་ཡོད། ལོ15རིང་གི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་ནས་ཅུང་འཐུས་སྒོ་ཚང་བའི་སྐད་གཉིས་སློབ་ཁྲིད་མ་ལག་བཙུགས་ཤིང་། འོས་འགན་སློབ་གསོ་ཐག་ཉེ་སར་ཡིག་རྒྱུགས་གཏོང་མི་དགོས་པར་སློབ་ཞུགས་ཐུབ་པ་བྱས་ཡོད། ལྷག་པར་དུ་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཙུགས་པ་དེས་བོད་ལྗོངས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་རི་མཐོ་ལ་ལམ་ཐག་རིང་བ། སྡོད་གནས་ཐར་ཐོར་ཡིན་པ་སོགས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་ཏེ། ཞིང་འབྲོག་ཁུལ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་བྱིས་པ་ཚོའི་སློབ་ཞུགས་ཐད་སྟབས་བདེ་བསྐྲུན་ནས། ཁོང་ཚོར་སྤུས་ཚད་དེ་བས་མཐོ་བའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། བོད་ལྗོངས་སུ་བྱིས་པ་ཚོས་སློབ་ཡོན་སྤྲོད་མི་ཐུབ་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་དབང་གིས་སློབ་གྲྭར་འགྲོ་མི་ཐུབ་པའི་གནད་དོན་ཐོན་མེད། གསར་འགོད་པས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་མང་བོར་བརྟག་ཞིབ་བྱེད་སྐབས་སློབ་ཁྲིད་ཐད་གྲངས་གཞི་ཅན་གྱི་སྒྲིག་ཆས་སྤྱད་པ་དང་། སྡོད་ཁང་རྒྱ་ཆེ་ལ་གཙང་སྦྲ་ལེགས་པ། ཟ་ཁང་དུ་རྩམ་པ་དང་འོ་མ་སོགས་ཆ་ཚང་ཡོད་པ་མཐོང་ཡོད། དེ་དག་གིས་མི་དམངས་ནས་བློ་ཡིད་ཚིམ་པའི་སློབ་གསོ་ཞེས་པར་གསལ་འགྲེལ་ཡག་ཤོས་བྱས་ཡོད། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ་ཁང་། འགྲིམ་འགྲུལ། འཐུང་ཆུ། གློག་སྤྱོད། སྡོད་ཁང་། ཁོར་ཡུག་སོགས་ཐད་ཀྱི་གྲུབ་འབྲས་ཀྱང་མི་རྣམས་ཧང་སངས་དགོས་པ་ཞིག་རེད། “གསར་གཏོད་བཞི”ཟམ་མི་ཆད་པར་སྤེལ་བ་དང་བསྟུན། དེ་བས་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་ཞིག་གངས་ལྗོངས་ས་མཐོར་མངོན་སྲིད་པར་ཡིད་ཆེས་ཀྱིས་ཁེངས་ཡོད།།
 
རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།