ཉེ་ཆར། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ལ་མང་ཚོགས་ཀྱིས་གནས་ཚུལ་སྙན་སེང་ཞུས་པར། ཁ་རུབ་ཆུས་ཀྱི་ས་གཤིས་གནོད་འཚེ་བཅོས་སྒྲིག་རྣམ་གྲངས་ལས་ཡུལ་ཞིག་ནས་བང་སོ་ཞིག་རྙེད་པ་རེད། གནས་ཚུལ་འབྱོར་རྗེས། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་འཕྲལ་མར་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་ས་གནས་ཐོག་བརྟག་ཞིབ་བྱས་པ་དང་། ལས་ཡུལ་གྱི་བྱང་ངོས་གཡང་གཟར་ནས་རྡོའི་པུར་སྒམ་ཞིག་རྙེད་པ་དང་ལས་ཡུལ་གྱི་ལྷོ་ངོས་བཅད་ཁ་ནས་རིག་གནས་སྤུངས་རིམ་མངོན་གསལ་དོད་པོ་ཡོད་པ་ཞིག་ཤེས་རྟོགས་བྱུང་ཡོད།

དེ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ལ་སྙན་སེང་ཞུས་པ་རེད། རིག་དངོས་ཀྱི་བདེ་འཇགས་འགན་ལེན་དང་རིག་དངོས་གནའ་ཤུལ་ལ་སྔར་བས་གཏོར་བཤིག་མི་ཕོག་པ་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ཆེད་ལས་མི་སྣ་ཡུལ་དངོས་སུ་བསྐྱོད་ནས་གསར་དུ་རྙེད་པའི་གནའ་བོའི་བང་སོ་དང་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་ཀྱི་མ་དཔེ་འཚོལ་བསྡུ་དང་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་བྱ་བ་བྱེད་པ་རེད།
ས་གནས་ཐོག་ཏུ་བརྟག་དཔྱད་དང་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་བྱས་པ་བརྒྱུད། ཕྱིར་མངོན་པའི་བང་སོ་གནས་སའི་བཅད་ཁའི་གཏིང་ཚད་སྨི13དང་ས་ངོས་སྤུངས་རིམ་ལ་སྤྱིར་ན་རིམ་པ6དབྱེ་ཆོག་ཅིང་། བང་སོའི་ཤུར་ཁ་དེ་རིམ་པ3པའི་མན་ལ་ཡོད་པ་དང་བཅད་ཁའི་ངོས་སུ་མངོན་པའི་སོལ་རྡུལ་སོགས་ཤུལ་བཞག་དངོས་རྫས་ཀྱང་སྤྱིར་ན་རིམ་པ3པའི་འོག་ཏུ་ཁྱབ་ཡོད་པ་རེད། བང་སོ་ནི་བཅད་ངོས་ཀྱི་བྱང་ངོས་སུ་གནས་པ་དང་ས་ངོས་དང་བར་ཐག་སྨི2.35ཡོད། བང་སོའི་བཟོ་དབྱིབས་ནི་ལྷོ་བྱང་ཕྱོགས་སུ་གནས་པའི་གྲུ་བཞི་ནར་མོའི་རྡོའི་པུར་སྒམ་ཡིན་པ་དང་། བང་སོའི་ནུབ་གཞོགས་ཀྱི་པང་ལེབ་དང་བྱང་གི་འགོག་བྱེད་པང་ལེབ། ཐོད་ཀྱི་རྡོའི་ཁེབས་པང་བཅས་མ་གཏོགས་ལུས་མེད། བང་སོའི་ནང་དུ་ས་རྒྱོང་བར་རིམ་པ་གསལ་བོ་དབྱེ་མེད་པ་དང་གཙོ་བོ་ནི་རྫ་དམར་འདམ་རྫབ་ཡིན། བང་སོའི་ནུབ་བྱང་ཟུར་ནས་རྣ་ཆ་སྙོམ་ཞིང་ཞབས་སྙོམ་པའི་རྫ་སྣོད་སྐྱོན་ཅན་ཞིག་རྙེད་ཡོད། བང་སོའི་ནང་གི་མིའི་རུས་པ་ཉར་ཚགས་ཡག་པོ་ཐུབ་མེད་པས། གཙང་སེལ་བྱེད་སྐབས་མཚང་རུས་དང་ལྷུ་ཚིགས་ཙམ་ལས་མེད་པ་མ་ཟད་དུར་འཇུག་བྱེད་སྟངས་ཀྱང་གསལ་བོ་ཤེས་ཀྱི་མེད། བང་སོའི་བཟོ་དབྱིབས་དང་དུར་འཇུག་རྫ་ཆས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚོད་དཔག་རགས་ཙམ་བྱས་ན། བང་སོ་དེའི་ལོ་དུས་ནི་ད་བར་ལོ1500-2000བར་ཡོད་པ་དང་། གནད་ལ་འཁེལ་བའི་ལོ་རབས་གཏན་འཁེལ་བྱེད་པར་ད་དུང་ཚན་རིག་དང་མཐུན་པའི་ཞིབ་དཔྱད་བྱེད་དགོས་ཀྱི་ཡོད། མིག་སྔར་ཨར་ལས་བྱ་ཡུལ་གྱི་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་བྱ་བ་མཇུག་སྒྲིལ་བ་དང་། ས་ངོས་སྤུངས་རིམ་གྱི་མ་དཔེ་ལེན་པའི་བྱ་བ་བདེ་བླག་ངང་ལེགས་སྒྲུབ་ཟིན་ཡོད།

ད་ཐེངས་ཤེས་རྟོགས་བྱུང་བའི་རིག་གནས་རིམ་པ་དང་བང་སོ་ཚང་མ་ནི་ཆབ་མདོ་གྲོང་ཁྱེར་གྱི་གསར་དུ་ཤེས་རྟོགས་བྱུང་བའི་རིག་དངོས་ཤུལ་བཞག་ཡིན་པ་དང་། དེས་ས་ཁོངས་དེ་གའི་ཧན་ཅིན་རྒྱལ་རབས་དུས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་རྣམ་པར་ངོས་འཛིན་བྱེད་པའི་ཐད་དངོས་རྫས་དཔྱད་གཞི་གསར་བ་མཁོ་འདོན་ཐུབ་ཡོད་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གནའ་བོའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།།
རྩོམ་སྒྲིག་པ། ལྷ་ཁོ།
|